ཡོངས་འཛིན་རྒན་རིན་ཆེན་བཟང་པོ་རྗེས་སུ་དྲན་པ།

དཔལ་ས་སྐྱའི་༧སྐྱབས་མགོན་༧གོང་མ་ཁྲི་འཛིན་ ༤༢ པ་ཆེན་པོ་མཆོག་དང་༧སྐྱབས་མགོན་༧གོང་མ་འཁོན་གདུང་སྐུ་གཞོན་རིན་པོ་ཆེ་རྣམ་གཉིས་ཀྱི་ཡོངས་འཛིན་ཞི་བར་གཤེགས་པ་རྒན་རིན་ཆེན་བཟང་པོ་༼ རྒན་ལགས་ ཡོངས་གྲགས་ཀྱི་མཚན་ ༽ མཆོག་ནི་ཕྱི་ལོ་ ༡༩༣༨  ལོར་སྐུ་འཁྲུངས་ཤིང་ཕྱི་ལོ་ ༢༠༢༠ ཟླ་ ༠༩ ཚེས་ ༢༣ ཉིན་དགུང་གྲངས་ ༨༢ ཐོག་བྱེས་ཀྱི་དཔལ་ས་སྐྱའི་སྒྲོལ་མ་ཕོ་བྲང་དུ་སྐུ་ཞི་བར་གཤེགས་ནས་ཉིན་གསུམ་གྱིང་རིམ་ཐུགས་དམ་ལ་བཞུགས་ཡོད་འདུག

དམ་པ་ཁོང་ནི་དོན་དུ་རྒྱལ་བ་༧གོང་མ་རྣམ་གཉིས་ཀྱི་ཡོངས་འཛིན་གྱི་ངོ་བོར་བཞུགས་ཀྱང་རྣམ་ཀུན་ཏུ་འདོད་ཆུང་ཆོག་ཤེས་གནང་ནས་དགེ་སློང་ཉམས་ཆུང་ཞིག་གི་རྣམ་པ་ལས་སུ་གང་གིས་ཆེ་མདོག་དང་མཐོ་འདོད་ཅན་ཞིག་གཏན་ནས་མཇལ་མ་མྱོང་། ཕོ་བྲང་ནང་དུ་དམན་པ་བདག་ལྟ་བུ་ལའང་གསོལ་ཇ་མཆོད་གསུངས་ནས་ཁོང་གི་ཕྱག་རང་ནས་ཇ་དྲངས་ཡོང་བ་ནི་ང་གཅིག་པུ་ལ་མ་ཡིན་པར་ཀུན་ལ་གཅིག་མཚུངས་ལྟ་བུ་ཞིག་རེད།

ཉེ་ཆར་རྒན་དམ་པ་ཁོང་ཞི་བར་གཤེགས་རྗེས་དཔལ་ས་སྐྱའི་༧བདག་མོ་སྐལ་ལྡན་མཆོག་གིས་ངོ་དེབ་ཐོག་རྒན་ཁོང་ལ་རྗེས་དྲན་ཞུ་ཆེད་དྲ་ཚིགས་ཤིག་བཟོས་ནས་དེའི་ངོ་སྤྲོད་ཀྱི་ཚུལ་དུ་འདི་ལྟར། གང་ཉིད་ཐོག་མར་ཀ་ལོན་སྤུངས་སློབ་དགེ་གནང་ནས་སློབ་ཕྲུག་རྒན་དར་གཞོན་གསུམ་རྣམས་བྱམས་བརྩེའི་དྲིན་གྱིས་བསྐྱངས་བ་ནས་བཟུང་། མཐར་སྒྲོལ་མ་ཕོ་བྲང་དུ་ཕེབས་ནས་སྐུ་ཚེ་ཧྲིལ་པོ་ཡོངས་འཛིན་གྱི་མཚན་གནས་རྗེས་འབྲེལ་ཙམ་མ་ཡིན་པ། ནམ་རྒྱུན་ཕོ་བྲང་དུ་ཞིང་གཤེགས་མཆོག་ལ་སྐུ་བཅར་དང་འབྲེལ་བ་ཞུ་མཁན་མང་དག་ཡོད་པ་ཀུན་ལ་སྐྱ་སེར་དབྱེ་བ་མེད་པར་དུས་རྟག་ཏུ་གཞན་ཕན་རྣམ་དག་གིས་མཛད་པ་བསྐྱངས་ཡོད་པས་ན། ཞེས་བྲིས་གནང་འདུག ། ང་རང་རང་གིས་མཐོང་མྱོང་བ་ཞིག་ནི་ཕྱི་ལོ་ ༢༠༠༨ གི་ལོར་ཡིན་པ་ཡོད་ གྲྭ་ཆུང་མང་པོ་ཞིག་གིས་སྐུ་འབྱེད་སོགས་ལས་བྱུང་བའི་སྒོར་མོ་ཡོད་ཚད་རྒན་ཁོང་ལ་བཅོལ་བ་དང་། གུང་སེང་ལ་འགྲོ་བ་སོགས་དོ་བདག་ལ་དངུལ་མཁོ་དགོས་བྱུང་མཚམས་རྒན་ལགས་ཀྱིས་མར་གནང་གི་ཡོད་པ་ལྟར་ཉིན་ཞིག་རྒན་གྱི་ཕྱག་ནས་དངུལ་ལེན་སར་ང་གྲྭ་ཆུང་ཞིག་ལ་རོགས་པ་སོང་ཡིན། རྒན་ཁོང་གིས་གྲྭ་ཆུང་དེར་དངུལ་དེ་ཚོ་མར་གནང་བ་མ་ཚད་ད་རུང་སྒོར་མོ་ཁ་ཤས་རྔན་པ་ཉོ་ས་བྱོས་གསུངས་ནས་ཐོལ་པ་གནང་སོང་། དེས་མི་ཚད་ད་རུང་གྲྭ་ཆུང་དེས་དང་པོ་ཡར་བཅོལ་དུས་སྒོར་མོ་ག་ཚོད་ཡོད་མེད་དང་དེའི་བར་དུ་ཚུར་ག་ཚོད་བྱུང་ཡོད་མེད། ཕར་ཚེས་གྲངས་ག་འདྲ་ཞིག་ལ་སྒོར་ག་ཚོད་བླངས་ཟིན་ཡོད་མེད་སོགས་བླ་རྒན་དབུ་དཀར་རྐྱང་དུ་སོང་ཟིན་པ་ཞིག་གིས་གྲྭ་ཆུང་ལོ་བཅུ་ཁ་ལས་ལོན་མེད་པ་ཞིག་ལ་རྩིས་ཁ་གསལ་གཏིང་གསལ་དེ་འདྲ་བསྐྱོན་པ་ནི་དེང་སང་གི་འཇིག་རྟེན་འདི་ན་མཐོང་རྒྱུ་དཀོན་པའི་ཚོད་དུ་འདུག །

ནམ་རྒྱུན་ཕོ་བྲང་དུ་མཇའ་བཅར་ཞུ་མཁན་སེར་སྐྱ་ཕོ་མོ་དབྱེར་བ་མེད་པ་གཅིག་མཚུངས་ཀྱིས་༧གོང་མ་རིན་པོ་ཆེའི་ཐུགས་རྗེས་བྱིན་རླབས་དང་། རྒན་ལགས་དམ་པས་ཐུགས་བརྩེ་གཉིས་ཀྱིས་བློ་བདེ་ཐག་ཆོད་པ་ཞིག་བྱུང་སོང་ཟེར་བའང་རྒྱུན་ལྡན་ལྟ་བུ་ཞིག་རེད།

ངས་འདི་ནས་རྒན་དམ་པ་ཁོང་གི་རྣམ་ཐར་ཆ་ཚང་བ་ཞིག་བརྗོད་མི་ཤེས་ཀྱང་ང་ཚོའི་སེམས་ཀྱི་དཀྱིལ་དང་རུས་པའི་གཏིང་ལ་རྒན་དམ་པ་ཁོང་གིས་དཔལ་ལྡན་ས་སྐྱའི་བསྟན་པ་རིན་པོ་ཆེ་སྤྱི་དང་ཡང་སྒོས་ས་སྐྱ་༧སྒྲོལ་མ་ཕོ་བྲང་གི་ཕྱི་ནང་གསང་གསུམ་ལ་བཞག་གནང་བའི་མཛད་རྗེས་མཐའ་དག་རྗེས་སུ་དྲན་པའི་སྒོ་ནས་ཞི་བར་གཤེགས་པ་རྒན་དམ་པ་གང་གི་ས་ལམ་གྱི་བར་ཆད་ཐམས་ཅད་ཉེ་བར་ཞི་ནས་སྐུ་བཞི་ཡེ་ཤེས་ལྔ་ལྡན་རྒྱལ་བ་རྡོ་རྗེ་འཆང་གི་གོ་འཕང་མངོན་དུ་མཛད་པའི་སྨོན་ལམ་གང་ཤེས་ཞུ།། 

ཞེས་སྟག་ལྗོངས་འཆི་མེད་ཀྱིས་ཕྱི་ལོ་ ༢༠༢༠ ཟླ་ ༠༩ ཚེས་ ༢༧ ཉིན་གྱི་དགོངས་མོར།

རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད། རྩོམ་ཡོངས།
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

དཔྱད་མཆན།

  1. ང་ཆུང་བྱིས་པའི་དུས་སུ། ཀ་སྦུག་གཏན་འཇགས་སློབ་གྲྭར་སྐྱེད་སྲིང་བྱས། ཕ་མ་ཉམས་ཆུང་ལ་སོང་། ཀུ་ལུ་མ་ན་ལིར་ལམ་བཟོ་རྒྱུགས་བཞིན་ཡོད་པ་དང་། གཏན་སློབ་ནས་དགུན་དུས་ཀྱི་དགུང་གསེང་ལ་ཡང་ཕ་མའི་སར་སླེབས་དཀའ་བའི་དུས་སྐབས་ཀྱི་སློབ་མ་མགོ་ཟླུམ། མདོག་ངན་། རང་གི་ལུས་རྨ་ཡིས་ཁེངས། སྣ་ཡི་སྣབས་ལུད་ཀྱང་གཙང་འཕྱིས་མ་ཐུབ་པའི་སྐབས་ཤིག་ཡིན་དུས། བོད་དགེ་རྒན་རིན་ཆེན་བཟང་པོ་ཞུ་བ་ཁོང་ནི། དགེ་སློང་རྣམ་དག། ཐུགས་ཡིད་ཆེས་བཟང་པོ་དང་སྙིང་རྗེའི་རང་གཟུགས་ཅན། ཉིན་མཚན་དུས་དྲུག་ཏུ་སློབ་གྲྭའི་འཁོར་ར་འཁོར་ཡུག་གང་སར་སློབ་མ་ཚོར། ལྷག་བསམ་རྣམ་དག་གིས་རང་གི་ཤ་ཕྲག་ནས་མཆེད་པའི་བུ་ཕྲུག་ལ་ཕ་མས་ཇི་ལྟར་བལྟ་སྐྱོང་གནང་བ་ལས་ཀྱང་ལྷག་པའི་བྱམས་སྐྱོང་བརྩེའི་གཟིགས་སྐྱོང་གནང་མཁན་དོ་ཟླ་བྲལ་བའི་དགེ་རྒན་རྣམ་དག་ཞིག་ཡིན་པ་ནི། དུས་དེང་ཀྱི་ཆར་ཡང་ང་ཡི་ཡིད་ལ་ལྷང་ལྷང་དྲན་གྱི་འདུག་པ་མ་ཟད། ཁོང་གིས་ནམ་ཡང་། ཕྲུག་གུའི་སྒྲིག་ཆས་སོགས་ཀྱི་འཐེབ་ཅུ་ཆུན་ཚད་ཆད་ལུས་གྱར་གྱོད་སོང་བ་སོགས་སྒྲོག་སླད་སྐུ་ལུས་ལ་ཁབ་སྐུད་འབྲལ་མེད་བསྣམས་པ་དང་། སྨྱུ་གུ་དང་ཞ་སྨྱུག་ཆེ་ཆུང་། སྨྱུག་གྲི་དང་ཡིག་བསུབ་འགྱིག་ཆས་སོགས་སུ་ལ་དགོས་ཀྱང་གནང་རྒྱུའི་གྲ་སྒྲིག་ཨང་གསར་སླད་ཁོག་མ་ཞིག་ཀྱང་སྐུ་ལུས་ལ་འབྱར་འབྱར་ཡོད་ཡོད་པ་ཡིན་པས། ང་དང་ང་འདྲ་བའི་བོད་ཕུག་སྟོང་ཕྲག་ལ་བཀྲིན་བླ་མེད་བསྐྱངས་ཡོད་པ་མ་ཟད། ངོ་མ་སློབ་མ་རྒན་གཞོན་ཆེ་འབྲིང་ཆུང་གསུམ་སུ་ལ་ཡང་ཉེ་རིང་ཟེར་བ་ནམ་ཡང་གནང་མྱོང་མེད་པས། མིང་དོན་མཚུངས་པའི་དགེ་རྒན་རིན་ཆེན་བཟང་པོ་ལོས་ཡིན། ད་དུང་དུས་ཚོད་ནམ་ཡིན་ལ། རྒྱུན་དུ་ནས་སློབ་གྲྭའི་གསོལ་ཐབ་ནང་མ་བྱན་ཚོ་དང་གཉེར་པ། ཕ་ཚབ་མ་ཚབ་དང་རྒན་བདག་བཅུ་དཔོན་བཅས་ཀྱི་དབར་ཕྲུག་གུའི་ཟ་མ་གཡོས་སྦྱོར་བགོ་འགྲེམས་སོགས་གང་ལེགས་འཐུས་ཚང་ཡོང་བར་གཟིགས་རྟོགས་གནང་གིན་ཡོད་ལགས་པས། དེང་སྐབས་ལ་མཚོན་ན། ཁོང་ལྟ་བུའི་དགེ་རྒན་ཞིག་ནི། ནམ་མཁའི་སྐར་མ་ཙམ་རེད་ཟེར་ནའང་ཆོག་མོད། ཞིང་གཤེགས་རྒན་དམ་པ་ཁོང་གི་བཀྲིན་དྲན་བཞིན་ལག་གཉིས་སྙིང་གར་བཟུང་སྟེ། ཁོང་ཚེ་རབས་ནས་ཚེ་རབས་བར་བོད་ཁ་རི་པའི་གདུལ་ཞིང་དུ་སླར་ཡང་བསམ་བཞིན་དུ་གཞན་དོན་དུ་སྐུ་ཡི་སྐྱེ་བ་རིམ་པར་བྱོན་ཏེ། མཐར་རྣམ་མཁྱེན་རྒྱལ་བའི་གོ་འཕང་རིན་པོ་ཆེ་ལ་རེག་པར་སྨོན་ནོ།། །།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*