རྒྱུད་གྲྭའི་ལས་ཐོག་མཁན་པོ་ཁྲི་འདོན་མཛད་སྒོ།

གསང་ཆེན་རྒྱུད་ཀྱི་བཤད་གྲྭའི་ལས་ཐོག་མཁན་པོ་ཁྲི་འདོན་མཛད་སྒོ།

བོད་ཟླ་དགུ་པའི་ཚེས་བཅུ་བཞི་ནི་དཔལ་ལྡན་ས་སྐྱ་པའི་སྲོལ་འབྱེད་འཁོན་དཀོན་མཆོག་རྒྱལ་པོ་དང་། སྐད་གཉིས་སྨྲ་བའི་དབང་པོ་བ་རི་ལོ་ཙཱ་བ་རིན་ཆེན་གྲགས། རྣལ་འབྱོར་གྱི་དབང་ཕྱུག་དཔལ་བརྩེ་བ་ཆེན་པོ་ས་ཆེན་ཀུན་དགའ་སྙིང་པོ་སོགས་བླ་མ་ལྔའི་དགོངས་རྫོགས་དུས་ཆེན་དང་། རྒྱལ་བའི་ལུང་གིས་ཟིན་པའི་སྐྱེས་བུ་ཆེན་པོ་ངོར་ཆེན་རྡོ་རྗེ་འཆང་གི་རྒྱལ་ཚབ་དཔལ་ཨེ་ཝཾ་ཆོས་ལྡན་གྱི་གདན་རབས་དོན་ལྔ་པ་༸སྐྱབས་རྗེ་ངོར་ཤར་ཆེན་ཀླུ་ལྡིང་མཁན་ཆེན་རྡོ་རྗེ་འཆང་འཇམ་དབྱངས་བསྟན་པའི་ཉི་མ་བཀྲ་ཤིས་གྲགས་པའི་རྒྱལ་མཚན་དཔལ་བཟང་པོ་མཆོག་དགུང་གྲངས་༩༠ལ་ཕེབས་པའི་སྐུའི་འཁྲུངས་སྐར་དུས་ཆེན་ཏེ། དུས་ཆེན་དྲུག་འཛོམས་ཀྱི་དུས་ཁྱད་པར་ཅན་དང་སྟབས་བསྟུན་ནས། ཐོག་མར་བསྟན་པ་རྒྱས་པའི་རྟེན་འབྲེལ་ཁྱད་པར་ཅན་འཕགསས་པ་གནས་བརྟན་བཅུ་དྲུག་གི་ཆོ་གས་མདུན་དྲངས་ཏེ། ད་ལྟའི་རྒྱུད་གྲྭའི་ལས་ཐོག་མཁན་རིན་པོ་ཆེ་མཆོག་ནས། འབྱུང་འགྱུར་གྱི་རྒྱུད་གྲྭའི་མཁན་རིན་པོ་ཆེ་སྐལ་བཟང་མགོན་པོ་མཆོག་ལ་སྐུ་གསུང་ཐུགས་རྟེན་ཕུལ་བ་དང་། འདུས་མང་ནས་མཇལ་དར་སྒྲོན་པ་སོགས་ད་ཐེངས་ནད་ཡམས་གྱིས་རྐྱེན་པས། རེ་ཞིག་ལས་ཐོག་མཁན་པོ་ཁྲི་འདོན་གྱི་མཛད་སྒོ་མདོར་བསྡུས་པའི་སྒོ་ནས་བཀྲ་ཤིས་པའི་ངང་ལེགས་པར་གྲུབ་པའོ།།

མཁན་པོ་སྐལ་བཟང་མགོན་པོའི་ལོ་རྒྱུས་མདོར་བསྡུས།

མཁན་པོ་སྐལ་བཟང་མགོན་པོ་ཁོང་གི་འཁྲུངས་ཡུལ་ནི་བོད་ཤར་ཕྱོགས་སྡེ་དགེ་ཆོས་རྒྱལ་ཆེན་པོའི་ཆབ་འབངས་འབྲི་ཆུ་ནུབ་བརྒྱུད་འཇོ་མདའ་རྫོང་འགོ་མདའ་གྲོང་དུ་ཕ་བྲོ་འབུས་བཀྲ་དབྱངས་དང་། མ་མགོན་ལུ་གཡང་སྒྲོན་གཉིས་ཀྱི་རིགས་རྒྱུད་དུ་ཕྱི་ལོ་༡༩༧༥ ལོར་འཁྲུངས། དགུང་ལོ་བརྒྱད་དགུ་ནས་ཡེ་གེ་འབྲི་ཀློག་སྦྱོང་འགོ་བཙུགས། དགུང་ལོ་བཅོ་ལྔར་སོན་སྐབས་ཕ་མའི་བཀོད་ངག་བཞིན་རྗེ་བླ་མ་ངག་དབང་ཆོས་འཕེལ་བཟང་པོའི་སྐུ་མདུན་ནས་རབ་ཏུ་བྱུང་སྟེ། དཔལ་ལྡན་ཝཱ་རཱ་དགོན་དུ་ཆོས་སྒོར་ཞུགས། དེ་ནས་ལོ་ཤས་རིང་ཆོ་ག་དང་ཆོས་སྤྱོད་བློ་འཛིན་གྱི་རིམ་པ་རྣམས་ལ་སྦྱོང་བརྩོན་བྱས། མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་དངོས་སློབ་ཝཱ་རཱ་བཤད་གྲྭའི་མཁན་པོ་ཚེ་དབང་དཀོན་མཆོག་གི་དྲུང་ནས་སྤྱོད་འཇུག་དང་དབུ་མ་འཇུག་པ་སོགས་གཞུང་ཁ་ཤས་ཀྱི་དཔེ་ཁྲིད་ཞུས། དགུང་ལོ་ཉེར་གཉིས་ཐོག་རྒྱ་གར་དུ་འབྱོར། མཁན་རིན་པོ་ཆེ་ཀུན་དགའ་དབང་ཕྱུག་མཆོག་གི་ལམ་སྟོན་བཀའ་དྲིན་འོག་སྦིར་རྫོང་སར་བཤད་གྲྭའི་སློབ་མ་གསར་བསྡུའི་ཁོངས་སུ་ཚུད།

བཤད་གྲྭ་དེར་༡༩༩༧-༢༠༠༨ ལོའི་བར་ལོ་ངོ་བཅུ་གཉིས་རིང་མཁན་པོ་ཆོས་དབྱིངས་ལྷུན་གྲུབ་སོགས་དགེ་བའི་བཤེས་གཉེན་དུ་མའི་དྲུང་ནས་གཞུང་ཆེན་བཀའ་པོད་དྲུག་དང་ཐུན་མོང་རིག་གནས་བཅས་ལ་ཐོས་བསམ་བྱས། དེའི་རིང་སྐྱོར་དཔོན། དགེ་རྒན། མཁན་པོ་བཅས་ཀྱི་མཚན་གནས་རིམ་པའི་ཐོག་མངོན་པ་མཛོད་དང་ཕར་ཕྱིན། འདུལ་བ་སོགས་དཔེ་ཁྲིད་ལོ་ལྔར་གནང་། ༢༠༠༩ ནས་དཔལ་ས་སྐྱའི་གསང་ཆེན་རྒྱུད་ཀྱི་བཤད་གྲྭ་རུ་མཁན་པོ་དཀོན་མཆོག་རྒྱལ་མཚན་མཆོག་དང་མཁན་པོ་དཔལ་ལྡན་བཟང་པོ་རྣམ་གཉིས་ཀྱི་དྲུང་ནས། སྤྱི་ལྗོན་བརྟག་གསུམ་དང་ཀུན་རིག་རྡོ་རྗེ་གུར་སོགས་རྒྱུད་ཀྱི་སྐོར་ལ་ལོ་ངོ་གསུམ་ལྷག་གསན་བསམ་མཛད་པ་མ་ཟད་དོན་གཉེར་ཅན་གྱི་སློབ་གཉེར་བ་གཞན་ལ། ཚད་མ་རིགས་གཏེར་དང་དབུ་མ་རྩ་འཇུག་བཞི་གསུམ། མཛོད། ཤེར་ཕྱིན། འདུལ་བ་མདོ་རྩ། སྡོམ་གསུམ་རབ་དབྱེ་དང་སྡོམ་གསུམ་ཁ་བསྐང་སོགས་གཞུང་ཁ་ཤས་ཚར་གསུམ་བཞི་ཙམ་རེ་དཔེ་ཁྲིད་གནང་། གཞན་ཡང་འདུལ་འཛིན་ཡོངས་ཀྱི་གཙུག་རྒྱན་འཇམ་དབྱངས་བསྟན་པའི་ཉི་མའི་དྲུང་ནས་ཚིགས་གསུམ་རིམ་ནོས་ཀྱི་བསླབ་སྡོམ་དང་། ངོར་ལུགས་དཀྱིལ་འཁོར་བདུན། སྦྱོང་རྒྱུད་བཅུ་གཉིས། མཁའ་སྤྱོད། འཇིགས་བྱེད་སོགས་དབང་དང་ཁྲིད་མང་པོ་ཞུས།

༸སྐྱབས་མགོན་༸གོང་མ་ཁྲི་ཆེན་རིན་པོ་ཆེའི་མདུན་ནས་ལམ་འབྲས་སློབ་བཤད་ཚར་གཉིས་ཀྱི་མཚོན་དབང་ཁྲིད་ལུང་གསུམ་མང་པོ་དང་། ༸གོང་མ་བདག་ཆེན་རིན་པོ་ཆེའི་དྲུང་ནས་ལམ་འབྲས་ཚོགས་བཤད། མཁན་ཆེན་ཀུན་དགའ་དབང་ཕྱུག་མཆོག་གི་དྲུང་ནས་ས་སྐྱ་བཀའ་འབུམ་དང་། གཞུང་ཆེན་བཅུ་གསུམ་སོགས་ཀྱི་ལུང་། མཁྱེན་བརྩེ་རིན་པོ་ཆེའི་མདུན་ནས་བཀའ་འགྱུར་དང་ཆོས་བློའི་གསུང་འབུམ་བཅས་ཀྱི་ལུང་། ༸སྐྱབས་རྗེ་ཀླུ་ལྡིང་མཁན་པོ་འཇམ་དབྱངས་ཆོས་ཀྱི་རྒྱལ་མཚན་མཆོག་གི་དྲུང་ནས་སྒྲུབ་ཐབས་ཀུན་བཏུས་སོགས་དང་། ༸སྐྱབས་རྗེ་ཐར་རྩེ་མཁན་རིན་པོ་ཆེ་ངག་དབང་བསོད་ནམས་མཆོག་ལྡན་མཆོག་གི་དྲུང་ནས་ངོར་ཆེན་བཀའ་འབུམ་དང་། ཀུན་མཁྱེན་བཀའ་འབུམ་བཅས་ཀྱི་ལུང་གཙོས་པའི་དབང་ལུང་ཁྲིད་གསུམ་མང་པོ་གསན་བཞེས་གནང་། ཚེ་རྟ་ཟུང་འབྲེལ། ས་འཇམ་སྦག་སྒྲུབ། སྒྲོལ་དཀར། འབྱུང་འདུལ། མཁའ་སྤྱོད་སོགས་ཀྱི་བསྙེན་མཚམས་ཅི་རིགས་གྲུབ་པར་མཛད། ༢༠༡༩/ ༩/༣ ཉིན།

གསེར་ཐང་རྩོམ་རིག་དགའ་ཚལ་གྱི་འཕྲིན་སྟེགས་ལས་བཏུས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*