ནང་བསྟན་འཆད་སྤེལ་གནང་ཐབས་ཀྱི་ཟབ་སྦྱོང་ཐའེ་ཝན་དུ་ཚུགས་པ།

ད་ལམ་མཁྱེན་བརྩེ་ཐེབས་རྩ་ཚོགས་པའི་མཐུན་གྱུར་འོག་ཐའེ་ཝན་རྒྱལ་སྤྱི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པས་གོ་སྒྲིག་ཞུས་ཏེ། རྒྱལ་བསྟན་སྤྱི་དང་བྱེ་བྲག་ཏུ་བོད་བརྒྱུད་ནང་བསྟན་འདི་ཉིད་འཛམ་གླིང་ས་ཕྱོགས་གང་སར་དང་། ལྷག་པར་དུ་གཞོན་སྐྱེས་མི་རབས་གསར་པའི་སྤྱི་ཚོགས་ཁྲོད་དུ་དར་ཁྱབ་ཡོང་ཕྱིར། ཟླ་གསུམ་རིང་གི་སྔོན་འགྲོའི་ལས་གཞི་ཞིག་གནང་འཆར་དང་། ཅི་སྟེ་ལས་འཆར་འདི་ཉིད་ལམ་ལྷོང་བྱུང་ཚེ། ནང་བསྟན་འཆད་སྤེལ་གནང་མཁན་སྤྱི་དང་ལྷག་པར་དུ་བོད་བརྒྱུད་ནང་བསྟན་འཆད་སྤེལ་གནང་མཁན་གྱི་དགེ་རྒན་རྣམས་ལ་ལོ་ཤས་རིང་ཟབ་སྦྱོང་དང་སྦྱོང་བརྡར་གྱི་ཁོར་ཡུག་ཅིག་བསྐྲུན་འཆར་ཡོད་པའི་ཐོག་མའི་མགོ་འཛུགས་སུ། ༼ནང་བསྟན་འཆད་སྤེལ་གནང་ཐབས་ཀྱི་ཟབ་སྦྱོང་ཐེངས་དང་པོ༽ ཞེས་པའི་ཆེད་མཁས་པའི་གཏམ་བཤད་དང་འབྲེལ་བའི་ཟབ་སྦྱོང་ཐེངས་དང་པོ་དེ་སྤྱི་ལོ་༢༠༢༠ཟླ་༡༢ ཚེས་ ༡༣ ཉིན་ཐའེ་ཝན་གྱི་རྒྱལ་ས་ཐའེ་པེ་རུ་འཚོགས་ཤིང་། ཞིབ་འཇུག་ཚོགས་པའི་ཚོགས་ཟུར་མཁན་པོ་ཚུལ་རྣམ་རིན་པོ་ཆེ་མཆོག་ནས་ཐའེ་ཝན་རྒྱལ་སྤྱི་བོད་བརྒྱུད་ནང་བསྟན་ཞིབ་འཇུག་ཚོགས་པའི་ཚབ་གནང་སྟེ་མཚམས་སྦྱོར་གསུང་བཤད་དང་། ༧སྐྱབས་རྗེ་རྫོང་སར་མཁྱེན་མཁྱེན་རིན་པོ་ཆེ་དངོས་སུ་ཚོགས་འདུའི་ཐོག་ཆེད་ཕེབས་ཀྱིས་ཟབ་སྦྱོང་སྤྱིའི་ཁ་ཕྱོགས་དང་འབྲེལ་བའི་བཀའ་སློབ་གལ་ཆེན་གནང་། དེ་རྗེས་སྐད་བརྡ་རིག་པ་དང་འབྲེལ་བའི་ཆེད་མཁས་པ་ངག་དབང་ཕྲིན་ལས་དང་མཁན་པོ་གཡུལ་རྒྱལ་ཟུང་གིས་འབྲེལ་ཡོད་བརྗོད་གཞིའི་ཐོག་ལ་ཞིབ་འཇུག་རང་བཞིན་གྱི་གཏམ་བཤད་རྒྱས་པ་གནང་བར་མ་ཟད། ཕྱི་དྲོ་དམིགས་བསལ་གདན་ཞུས་ཆེད་ལས་མཁས་པ་ལི་ཇི་མཆོག་གིས་སྤྱི་ཚོགས་དྲྭ་ལམ་བརྒྱུད་ནས་ནང་ཆོས་དུས་དང་མཐུན་པར་སྤེལ་བའི་ལས་དོན་བྱེད་ཕྱོགས་ཐད་ཟབ་ཁྲིད་དང་དྲི་བ་དྲིས་ལན་ལྷུག་པོར་བྱས། དེ་བཞིན་འཛོམས་zoom བརྒྱུད་ནས་ཀྱང་འཛམ་གླིང་གང་ས་ནས་མཁན་སྤྲུལ་དགེ་བཤེས་དང་དོན་གཉེར་ཅན་གང་མང་ཞིག་མཉམ་ཞུགས་གནང་ཡོད་པ་བཅས་ཀྱིས་ལས་རིམ་ཡོངས་རྫོགས་ཕུན་སུམ་ཚོགས་པའི་ངང་ནས་མཇུག་དྲིལ་ཡོད། དྲྭ་བ་ལས་བཤུས།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*