རྩོམ་པ་པོ། མཁན་པོ་ཀཿ བྲག་དངོས་བསོད་ནམས།
<<ཆོས་འཁོར་བསྐོར་བའི་དོགས་ལན། >>
ཆོས་འཁོར་བསྐོར་བའི་དོགས་ལན།
རྩོམ་པ་པོ། མཁན་པོ་ཀཿ བྲག་དངོས་གྲུབ་བསོད་ནམས།
གང་གིས་ཐུགས་བརྩེ་ཉེར་བཟུང་ནས།།ལྟ་བ་ཐམས་ཅད་སྤང་བའི་ཕྱིར།།
དམ་པའི་ཆོས་ནི་སྟོན་མཛད་པ།།གཽ་ཏམ་དེ་ལ་ཕྱག་འཚལ་ལོ།།
ཤེས་བྱ་ཐམས་ཅད་གཟིགས་པའི་སྤྱན་ཡངས་པ། །འགྲོ་ཀུན་དགེ་ལེགས་སྒྲུབ་པའི་ཐུགས་རྗེ་ཅན། །
བསམ་ཡས་འཕྲིན་ལས་མཛད་པའི་སྟོབས་མངའ་བ། །འཇམ་མགོན་བླ་མའི་ཞབས་ལ་མགོས་ཕྱག་འཚལ། །
རྒྱ་ཆེན་བསོད་ནམས་ལུས་སྟོབས་རབ་རྒྱས་ཤིང་།། བདེ་གཤེགས་གསུང་རབ་སེངྒེའི་ང་རོ་ཡིས།།
ལོག་སྨྲ་རི་དྭགས་མཐའ་དག་སྐྲག་མཛད་པ།།ཐུབ་བསྟན་གངས་རི་སྐྱོང་བ་དེ་ལ་འདུད།།
བསོད་ནམས་ཡེ་ཤེས་ནགས་ན་རྣམ་རོལ་ཞིང་།།བདེ་གཤེགས་གསུང་རབ་རལ་པའི་ཁུར་གྱིས་བརྗིད།།
དངོས་སྟོབས་རིགས་པའི་གད་རྒྱངས་མཆེ་བ་ཅན།།འཇིགས་མེད་སྨྲ་བའི་སེངྒེ་ལ་ཕྱག་འཚལ།།
སྐད་འཕྲིན་མིང་ལ། ཆོས་གྲོགས་བཞུར་སྒྲ་དང་བརྩེ་ཆེན་འོད་སྣང་། བྱང་འཚོལ་བཅས་ནས་ཁོ་བོར་ཉིན་ཁ་ཤས་སྔོན་ནས་དོགས་འདྲི་གནང་འདུག་པས་ངས་དེ་ཙམ་གྱིས་ཁྱེད་ཚོའི་དྲི་ལན་ལ་དོན་སྙིང་ལྡན་པ་ཞུ་ལན་ཕུལ་མ་ཐུབ་ནའང་། འཆར་སྣང་ཙམ་ཞིག་ཞུ་ན་འདི་ལྟར་ཏེ། སྤྱིར་བཏང་། བདག་ཅག་གི་སྟོན་པ་བཀའ་དྲིན་ཅན་སངས་རྒྱས་བཅོལ་ལྡན་འདས་མཆོག་ཞལ་བཞུགས་པའི་སྐབས་སུ་སྟོན་པས་ཐབས་མཁས་ལ་ཐུགས་ཆེན་པོའི་སྒོ་ནས་སྐབས་དུས་དང་ཡུལ་ལུང་མི་འདྲ་བའི་ནང་དུ། ནང་བསྟན་ཆོས་ལུགས་དེ་ཉིད་ཚུལ་མི་འདྲ་བ་སྣ་ཚོགས་པ་གསུངས་པ་དང་། སྟོན་པས་ས་ཆ་དང་སྐབས་དུས་ཀྱི་གནས་བབ་ལ་གཟིགས་ནས་གདུལ་བྱའི་ཁམས་དང་བསམ་པ་ལ་བསྟུན་ནས་ཆོས་འཁོར་དང་ནང་བསྟན་ཆོས་ལུགས་ངོ་སྤྲོད་སྐབས་བརྗོད་གཞི་རྣམས་རེ་རེ་བདམས་མཛད་དེ། དེ་ཡང་ཇི་སྐད་དུ། བསྟོད་པ་ལས། སླར་ཡང་གདུལ་བྱའི་ཁམས་དང་བསམ་པ་བཞིན། །དགོངས་པ་ངེས་འགྲེལ་ལང་གར་གཤེགས་པ་སོགས། །མཚན་ཉིད་ངོ་བོ་ཡོད་མེད་ལེགས་བྱས་ཀྱི། འཁོར་ལོ་གསུམ་པ་བསྐོར་ལ་ཕྱག་འཚལ་ལོ། ཞེས་གསུངས་པ་ལྟར།
ནང་བསྟན་ཆོས་ཀྱི་གནད་དོན་རྣམས་རྩལ་བཏོན་ནས་གསུང་གནང་མཛད་ཡོད་དེ། ཆོས་འཁོར་རིམ་པ་གསུམ་བསྐོར་གནང་། དེ་ཡང་། ཆོས་འཁོར་དང་པོ་སཱ་ར་ནཱ་ཐའམ་ཝ་རཱ་ནཱའི་དྲང་སྲོང་ལྷུང་བའི་རི་དྭགས་ཀྱི་ནགས་སུ། བདག་ཅག་གི་སྟོན་པའི་གདུལ་བྱའམ་སློབ་མ་ཐོག་མ་འཁོར་ལྔ་སྡེ་བཟང་པོར་ཆོས་ཀྱི་ཐོག་མ་བདེན་བཞིའི་རྣམ་གཞག་གསུངས་ཏེ། འཕགས་པའི་བདེན་པ་བཞི་ཞེས་སུ་གྲགས། བདེན་པ་བཞི་ནི། སྡུག་བསྔལ་གྱི་བདེན་པ་དང་། སྡུག་བསྔལ་དེ་དག་གི་རྒྱུ་དངོས་ཀུན་འབྱུང་གི་བདེན་པ། སྡུག་བསྔལ་དངོས་སུ་འགོག་པའི་འགོག་བདེན། སྒྲིབ་གཉིས་ཀྱི་རྣམ་གཞག་སེམས་ཀྱི་སྡིག་སྤངས་དགེ་སྒྲུབ་ཀྱི་ལམ་མམ་ལམ་གྱི་བདེན་པ་སྟེ། དེ་ལ་བརྟེན་ནས་འགོག་པའི་བདེན་པ་འཐོབ་ཀྱི་ཡོད་པ་དང་འགོག་བདེན་དེ་ཡང་དེའི་མཐར་ཐུག་གི་འབྲས་བུ་བཅས་སོ། ཆོས་འཁོར་གཉིས་པ། བདག་ཅག་གི་སྟོན་པས་ཆོས་ཀྱི་འཁོར་ལོ་རིམ་པ་གཉིས་པ་དེ་རྒྱལ་པོའི་ཁབ་ཀྱི་ཕྱི་ལོགས་སུ་གནས་པའི་མ་ག་དྷའི་རྒྱལ་གཞིས་སུ་ཡོད་པའི་བྱ་རྒོད་ཕུང་པོའི་གནས་མཆོག་རི་རྩེར་གསུངས། ཤེས་རབ་ཀྱི་ཕ་རོལ་ཏུ་ཕྱིན་པའི་མདོ་དང་འབྲེལ་བའི་ཆོས་གཙོ་གནད་དག་གསུངས་ཡོད། དེ་ཡང་སྟོང་ཉིད་རྟོགས་པའི་ཤེས་རབ་ཐོབ་ཚུལ་གྱི་ལམ་གྱི་རིམ་པའི་རྣམ་གཞག་དང་། ཆོས་ཐམས་ཅད་རྒྱུ་རྐྱེན་ལ་མ་ལྟོས་པར་རང་ངོས་ནས་གྲུབ་པ་མེད་པ། ཐར་པ་དང་ཐམས་ཅད་མཁྱེན་པའི་གོ་འཕང་ཐོབ་པར་ང་ཚོས་རྟོག་པའི་ངོར་སྣང་ཚུལ་དང་གནས་ཚུལ་དབར་ལ་ཡང་དག་པའི་རྣམ་པར་འབྱེད་དགོས་པའི་གཙོ་གནད་ཀྱི་སྟོང་ཉིད་སྐོར་རྒྱས་པ་གསུང་གནང་མཛད་ཡོད། ཆོས་འཁོར་གསུམ་པ་ནི་གྲོང་ཁྱེར་ཡངས་པ་ཅན་དུ་སེམས་དང་སེམས་བྱུང་གི་རྣམ་གཞག་བརྗོད་དོན་ལ་བརྟེན་ནས་ཀུན་གཞི་རྣམ་པར་ཤེས་པའི་སྟེང་དུ་ལས་ཀྱི་བག་ཆགས་ལ་བརྟེན་ནས་འབྱུང་བ་དེ་ཡང་ཕྱིའི་ཆོས་ཡོད་དོ་ཅོག་སེམས་ལས་ལོགས་སུ་མེད་པ་སོགས་གསུངས་གནང་མཛད། མདོར་ན། བདག་ཅག་གི་སྟོན་པ་ཤཀྱཱ་ཐུབ་པ་ལུམྦི་ནིར་སྐུ་འཁྲུངས་ཤིང་། རྡོ་རྗེ་གདན་དུ་སངས་རྒྱས་པ། ཝཱ་ར་ཎཱ་སིར་ཆོས་ཀྱི་འཁོར་ལོ་ཐོག་མ་དང་། བྱ་རྒོད་ཕུང་བོ་རིར་གཉིས་པ། ཡངས་པ་ཅན་དུ་གསུམ་པ་བཅས་བསྐོར་བ་མ་ཟད། ཝཱ་ར་ཎཱ་སིར་བཀའ་དང་པོ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་དང་པོ་བསྐོར་བ་དེ་ཡང་ཐེག་པ་ཆེ་ཆུང་ཐུན་མོང་གིས་ཁས་ལེན་པ་ཞིག་རེད། བྱ་རྒོད་ཕུང་པོ་རིར་བཀའ་བར་མཚན་ཉིད་མེད་པའི་ཆོས་འཁོར་བསྐོར་བ་དང་ཡངས་པ་ཅན་དུ་བཀའ་མཐའ་ལེགས་པར་རྣམ་པར་བྱེད་པའི་ཆོས་ཀྱི་འཁོར་ལོ་གསུམ་པ་བསྐོར་བ་འདི་གཉིས་ཡོངས་གྲགས་ཤིག་མ་རེད། རིགས་ཅན་གྱི་གདུལ་བྱ་ཁྱད་པར་ཅན་ཉུང་ཤས་ཤིག་ལ་ཆོས་འཁོར་གཉིས་པ་དང་གསུམ་པ་བསྐོར་བ་ཡིན་པར་སྔོན་བྱོན་འཕགས་བོད་མཁས་པ་དག་གིས་གསུང་གནང་འདུག། དེ་བཞིན་དུ་ཆོས་འཁོར་དང་པོ་ཐེག་དམན་གྱི་ཆོས་བསྐོར་དང་ཆོས་འཁོར་གཉིས་པ་ནི་ཐེག་པ་ཆེན་པོའི་ཆོས་བསྐོར་དང་། ཆོས་འཁོར་མཐའ་མ་ཐེག་པ་ཆེ་ཆུང་ཐུན་མོང་གི་ཆོས་སྐོར་ཡིན། གཙོ་བོར་བཅོམ་ལྡན་འདས་སངས་རྒྱས་མ་ཐག་ཏུ་གསུངས་པའི་ཚིག་བཞིའམ་ཤོ་ལོ་ཀ་གཅིག་གི་གནད་དོན་དང་འབྲེལ་ནས་ཆོས་འཁོར་རིམ་པ་གསུམ་ཇི་ལྟར་ཡིན་ཚུལ་བཤད་ན། དེ་ཡང་། སྟོན་པས་ཞལ་ནས།
ཟབ་ཞི་སྤྲོས་བྲལ་འོད་གསལ་འདུས་མ་བྱས། །
བདུད་རྩི་ལྟ་བུའི་ཆོས་ཤིག་ཁོ་བོས་རྙེད། །
སུ་ལ་བསྟན་ཀྱང་གོ་བར་མི་ནུས་པས། །
མི་སྨྲ་ནགས་ཀྱི་འདབས་སུ་གནས་པར་བྱ། །
ཞེས་པའི་ཚིགས་བཅད་འདིར་སྔོན་བྱོན་བོད་མཁས་དག་གིས་བོད་བསྒྱུར་སྐབས་སུ་ཚིག་སྦྱོར་མི་འདྲ་ཁ་ཤས་སྣང་། གང་ལྟར་ཚིགས་བཅད་འདིས་བསྟན་བྱ་ཇི་ལྟར་ཡིན་མིན་འདྲི་གཅོད་བྱེད་ནའང་། ཁོ་བོ་ལེ་ལོ་དང་སྒྱིད་ལུག་གིས་དུས་ཐོག་ཏུ་དོགས་ལན་ཞུས་ཐུབ་མ་སོང་བས་དགོངས་སེལ་དང་སྦྲགས། འདིའི་བསྟན་དོན་ཐད་ལ་སྔོན་བྱོན་མཁས་གྲུབ་དམ་པ་ཚོས་གསུང་སྒྲོས་མང་པོ་ཡོད་མོད། གཙོ་པཎ་ཆེན་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་མཛད་པའི<<ཟབ་བཞི་སྤྲོས་བྲལ་གྱི་བཤད་པ་སྟོང་ཉིད་བདུད་རྩིའི་ལམ་པོ་ཆེ།>> དང་རྒྱལ་བའི་སྲས་པོ་གྲགས་པ་ཐོགས་མེད་ཀྱིས་མཛད་པའི་<<བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་བརྗོད་བྱའི་གཙོ་བོ་དོན་བདུན་ཅུའི་རྣམ་བཤད་ངོ་མཚར་འོད་ཟེར་གྱི་འཕྲེང་བ།>> དེ་བཞིན་དུ་མཁས་གྲུབ་སྨྲ་བའི་ཁྱུ་མཆོག་དགེ་འདུན་བསྟན་དར་མཛད་པའི<<དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད།>>བཅས་ལ་གཟིགས་ཞིབ་གནང་ཐུབ་ན་ཧ་ཅང་དགེ་མཚན་ཡོད་པ་དང་། ཁྱད་པར་དུ་ཉེ་བའི་ལོ་ཤས་རིང་དུ་༧གོང་ས་ཐམས་ཅད་མཁྱེན་པས་ཚིགས་བཅད་འདིས་ལོ་འཁོར་རིམ་པ་གསུམ་ཆ་བསྟན་ཡོད་ཚུལ་གསུངས་པར་གཞིགས་ན། ༡༽ ཟབ་ཞི་ཞེས་པའི་ཚིག་འབྲུ་གཉིས་པོ་འདིས་བཀའ་དང་པོ་བདེན་བཞིའི་ཆོས་ཀྱི་འཁོར་ལོ་བསྟན་ཞིང་། ཟབ་པ་དང་ཞི་བ་ཞེས་པས་བདེན་བཞིའི་རྣམ་གཞག་གི་ཐོག་ནས་འཁོར་འདས་གཉིས་གསུང་བཞིན་ཡོད་པ་དང་། དེ་ཡང་འཁོར་བ་ལ་འཇུག་ཅིང་ལྡོག་པའི་དབང་དུ་བྱས་ནས་བདེན་བཞི་དངོས་བསྟན་བསྟན་བྱའི་གཙོ་བོར་བྱེད་པའི་ཐེག་དམན་ཐུན་མོང་མ་ཡིན་པའི་མདོ་རྣམས་གསུང་། དཔེར་ན། ཆོས་ཀྱི་འཁོར་ལོའི་མདོ་ལྟ་བུའོ།། ༢༽ སྤྲོས་བྲལ་ཞེས་པའི་ཚིག་འབྲུ་གཉིས་པོ་འདིས་བཀའ་བར་མ་མཚན་ཉིད་མེད་པའི་ཆོས་འཁོར་བསྟན་ཞིང་། དེ་ཡང་། བཀའ་དང་པོ་བདེན་བཞིའི་ཆོས་འཁོར་བསྐོར་བའི་རྗེས་སུ་བྱ་རྒོད་ཕུང་པོའི་རི་ལ་བྱང་ཆུབ་སེམས་དཔའ་དང༌ཉན་ཐོས། ལྷ་དང་མི་གྲངས་ལས་འདས་པ་ལ་ཆོས་ཐམས་ཅད་རྒྱུ་རྐྱེན་ལ་བརྟེན་ནས་འབྱུང་ཞིང༌། རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་ཆོས་ཤེར་ཕྱིན་གྱི་མདོ་སོགས་གསུང་ནས་བཀའ་བར་པ་མཚན་ཉིད་མེད་པའི་ཆོས་འཁོར་འདི་ཡང་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་རང་གི་མཚན་ཉིད་ཀྱིས་མ་གྲུབ་པར་སྟོན་པའི་ཟབ་མོ་སྟོང་པ་ཉིད་ཀྱི་གནད་རྣམས་ཐེག་ཆེན་གྱི་རིགས་ཅན་གསུངས། དཔེར་ན། ཏིང་ངེ་འཛིན་རྒྱལ་པོའི་མདོ། སངས་རྒྱས་ཕལ་པོ་ཆེའི་མདོ། འཕགས་པ་དཀོན་མཆོག་བརྩེགས་པའི་མདོ་བཅས་སོ།། ༣༽ འོད་གསལ་ཞེས་པའི་ཚིག་འབྲུ་གཉིས་པོ་འདིས་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་བསྟན་ཞིང་། དེ་ཡང་ཆོས་འཁོར་བར་པ་བསྐོར་བའི་རྗེས་སུ་དུས་ངེས་མེད་དུ་རི་མ་ལ་ཡ་དང༌བྱང་ཆུབ་སྙིང་པོ་དང༌། ཡངས་པ་ཅན་སོགས་སུ་ཐེག་པ་ཐམས་ཅད་ལ་ཡང་དག་པར་བཞུགས་པའི་བྱང་སེམས་གྲངས་མེད་པ་ལ་ཆོས་ཐམས་ཅད་ལ་མཚན་ཉིད་གསུམ་གྱི་རྣམ་གཞག་གཙོ་བོར་སྟོན་པའི་མདོ་སྡེ་ལངྐར་གཤེགས་པ་ལ་སོགས་གསུངས་ཏེ་བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་ཀྱི་འཁོར་ལོ་གསུངས། དེ་ཡང་གཟུགས་ནས་རྣམ་མཁྱེན་བར་གྱི་ཆོས་ཐམས་ཅད་མཚན་ཉིད་གསུམ་དུ་བསྡུས་ཤིང་གཞན་དབང་ཡོངས་གྲུབ་བདེན་གྲུབ་དང༌། ཀུན་བཏགས་བདེན་མེད་དུ་ལེགས་པར་ཕྱེ་ནས་གསུངས་སོ། །དཔེར་ན། མདོ་སྡེ་ལངྐར་གཤེགས་པའི་མདོ་བཅས་སོ། ། དེ་ཡང་སྟོན་པས་ཆོས་འཁོར་རིམ་པ་གསུམ་བསྐོར་བ་ལས་བཀའ་དང་པོ་བདེན་བཞིའི་ཆོས་འཁོར་དང་པོས་ཤེས་བྱའི་དངོས་རྣམས་མེད་པར་འཛིན་པ་ལས་བཟློག་པར་བྱས་ནས་ཡོད་པར་འཛིན་པ་གཙོ་བོར་གསུངས་པ་དང་། བཀའ་བར་མ་ཆོས་འཁོར་གཉིས་པས་ཤེས་བྱའི་དངོས་པོ་རྣམས་ཡོད་པར་འཛིན་པ་ལས་བཟློག་པར་བྱས་ནས་ཆོས་ཐམས་ཅད་མེད་པར་འཛིན་པ་གཙོ་བོར་གསུངས་ཤིང་། ཆོས་ཀྱི་འཁོར་ལོ་དང་པོ་དང་གཉིས་པ་གཉིས་ཀྱིས་ཡོད་པར་འཛིན་པ་དང་མེད་པར་འཛིན་པར་ཤས་ཆེ་བར་གྱུར་པར་གསུངས་ཟིན་ནས། བཀའ་ཐ་མ་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་འདིས་ཀུན་བཏགས་བདེན་མེད་དང་གཞན་དབང་བདེན་གྲུབ། ཡོངས་གྲུབ་དོན་དམ་པར་ཡོད་པར་བསྟན་ནོ། ། བཀའ་དེ་ལ་ཡང་མཚན་ཉིད་དང་དབྱེ་བ་གཉིས་ལས་མཚན་ཉིད་ནི། སྤོབས་པ་བཞི་དང་ལྡན་པའི་སངས་རྒྱས་ཀྱི་གསུང་རབ་དེ་བཀའི་མཚན་ཉིད་དུ་འཇོག སྤོབས་པ་བཞི་ནི་བརྗོད་བྱ་དོན་དང་ལྡན་པ། རྗོད་བྱེད་ངག་ཚིག་དྲི་མ་མེད་པ། བྱེད་ལས་ཁམས་གསུམ་གྱི་ཉོན་མོངས་སྤོང་བ། འབྲས་བུ་ཞི་བའི་ཕན་ཡོན་སྟོན་པ་དང་བཞི་ལ་བྱེད་དེ། དེ་སྐད་དུ་ཡང་རྒྱུད་བླ་མ་ལས། ། གང་ཞིག་དོན་ལྡན་ཆོས་དང་ཉེར་འབྲེལ་ཞིང་། ། ཁམས་གསུམ་ཀུན་ནས་ཉོན་མོངས་སྤོང་བྱེད་གསུངས། ། ཞི་བའི་ཕན་ཡོན་སྟོན་པར་མཛད་པ་གང་། ། དེ་ནི་དྲང་སྲོང་གསུང་ཡིན་བཟློག་པ་གཞན། ། ཞེས་གསུངས་པའི་ཕྱིར། བཀའ་དེ་ལ་བདག་རྐྱེན་གྱི་སྒོ་ནས་དབྱེ་ན། ༡ ཞལ་ནས་གསུངས་པའི་བཀའ། ༢ བྱིན་གྱིས་རླབས་པའི་བཀའ། ༣ རྗེས་སུ་གནང་བའི་བཀའ་བཅས་གསུམ། དང་པོ་ཞལ་ནས་གསུངས་པའི་བཀའ་ནི། འཇམ་སྡུད་བཟང་གསུམ་ལྟ་བུ་ལ་བྱེད། གཉིས་པ་བྱིན་གྱིས་རླབས་པའི་བཀའ་ལ་དབྱེ་ན། ༡ སྐུས་བྱིན་གྱིས་རླབས་པའི་བཀའ། ༢ གསུང་གི་བྱིན་གྱིས་རླབས་པའི་བཀའ། ༣ ཐུགས་ཀྱི་བྱིན་གྱིས་རླབས་པའི་བཀའ་དང་གསུམ་དུ་ཡོད། སྐུས་བྱིན་གྱིས་རླབས་པའི་བཀའ་ནི། ལངྐར་གཤེགས་པའི་མདོ་ལྟ་བུ་ལ་བྱེད། གསུང་གིས་བྱིན་གྱིས་རླབས་པའི་བཀའ་ནི། མ་སྐྱེས་དགྲའི་འགྱོད་པ་སེལ་བའི་མདོ་ལྟ་བུ་ལ་བྱེད། ཐུགས་ཀྱིས་བྱིན་གྱིས་རླབས་པའི་བཀའ་ལ་དབྱེ་ན། ཐུགས་ཐུགས་རྗེ་ཆེན་པོས་བྱིན་གྱིས་རླབས་པའི་བཀའ། ཐུགས་བདེན་པའི་སྟོབས་ཀྱིས་བྱིན་གྱིས་རླབས་པའི་བཀའ། ཐུགས་ཏིང་ངེ་འཛིན་གྱི་བྱིན་གྱིས་རླབས་པའི་བཀའ་དང་གསུམ་དུ་ཡོད། ཐུགས་ཐུགས་རྗེ་ཆེན་པོས་བྱིན་གྱིས་རླབས་པའི་བཀའ་ནི། ཕལ་པོ་ཆེའི་མདོ་ལྟ་བུ་ལ་བྱེད། ཐུགས་བདེན་པའི་སྟོབས་ཀྱི་བྱིན་གྱིས་རླབས་པའི་བཀའ་ནི། སངས་རྒྱས་ཀྱི་མཐུས་ནམ་མཁའ་དང་ལྗོན་ཤིང་སོགས་ལས་བྱུང་བའི་ཆོས་ཀྱི་སྒྲ་ལྟ་བུ་ལ་བྱེད། ཐུགས་ཏིང་ངེ་འཛིན་གྱི་བྱིན་གྱིས་རླབས་པའི་བཀའ་ནི། ཤེས་རབ་སྙིང་པོའི་མདོ་ལྟ་བུ་ལ་བྱེད། གསུམ་པ་རྗེས་སུ་གནང་བའི་བཀའ་ནི། མགོར་འདི་སྐད་བདག་གིས་ཐོས་པ་ཞེས་པ་དང་། མཇུག་ཏུ་མཐུན་འགྱུར་ཡི་རང་བསྒོམ་པའི་མདོ་ལྟབུའོ་ཞེས་གསུངས་འདུག དེ་བཞིན་དུ། ལུང་གི་ཆོས་འཁོར་དང་རྟོགས་པའི་ཆོས་འཁོར་གཉིས་ལས། ལུང་གི་ཆོས་འཁོར་ཡིན་ན། མདོ་སྡེ་རྒྱན་ལས། ཇི་ལྟར་བརྗོད་དོན་འདུ་ཤེས་ཀྱི། །རྒྱུ་མཚན་ཞེས་གསུངས་པ་དང་། རྒྱུད་བླ་མ་ལས། ཆོས་སྐུ་རྣམ་གཉིས་ཤེས་བྱ་སྟེ། །ཆོས་དབྱིངས་ཤིན་ཏུ་དྲི་མེད་དང་། །དེ་ཡི་རྒྱུ་མཐུན་ཟབ་པ་དང་། །སྣ་ཚོགས་ཚུལ་ནི་སྟོན་པའོ། ། གཉིས་པ་རྟོགས་པའི་ཆོས་འཁོར་ཡིན་ན་མདོ་སྡེ་དགོངས་འགྲེལ་ལས་འབྱུང་བ་དང་། གཟུངས་ཀྱི་དབང་ཕྱུག་རྒྱལ་པོས་ཞུས་པའི་མདོར་འབྱུང་བ། རྣམ་གཞག་དང་པོར་ནི་བདེན་པ་བཞིའི་འཁོར་ལོ་དང་། མཚན་ཉིད་མེད་པའི་འཁོར་ལོ་དང་། ལེགས་པར་རྣམ་པར་ཕྱེ་བའི་འཁོར་ལོ་ཞེས་གསུངས་པ་དང་། རྣམ་གཞག་གཉིས་པར་བདེན་པ་བཞིའི་ཚུལ་དང་། སྟོང་པ་ཉིད་ཀྱི་ཚུལ་དང་། དེ་བཞིན་གཤེགས་པའི་སྙིང་པོའི་ཚུལ་ཞེས་གསུངས་འདུག རྗེ་བཙུན་བྱམས་པས་ནི་རྒྱུད་བླ་མར། འཇིག་རྟེན་ཞི་བའི་ལམ་ལ་འཇུག་པའི་དང་། རབ་ཏུ་སྨིན་པའི་དང་། ལུང་སྟོན་པའི་འཁོར་ལོ་ཞེས་གསུངས། འཕགས་པ་ཀླུ་སྒྲུབ་ཞབས་ཀྱིས། དང་པོར་བདག་སྟོན་པའི་འཁོར་ལོ། །བར་དུ་བདག་མེད་སྟོན་པའི་འཁོར་ལོ།། ཐ་མར་ལྟ་བ་ཀུན་ཟློག་གི་འཁོར་ལོ་ཞེས་གསུངས་པ་དང་། སློབ་དཔོན་ཨརྱ་དེ་བས། བསོད་ནམས་མ་ཡིན་པ་དང་པོར་ཟློག་པའི་དང་། །བར་དུ་བདག་ཟློག་པའི་དང་། །ཐ་མར་ལྟ་བ་ཀུན་ཟློག་གི་འཁོར་ལོ་ཞེས་གསུངས་པ་སོགས་འདོད་ཚུལ་མ་མཐུན་པ་མང་པོ་ཡོད་མོད། མདོར་ན། ཆེད་དུ་བརྗོད་པའི་ཚོམས་ལས། ། སྡུག་བསྔལ་དག་ནི་ཐམས་ཅད་དང་། སྒྲིབ་ཀུན་སེལ་བྱེད་དམ་པའི་ཆོས། ། ཞེས་གསུངས་པའི་ཕྱིར་ན། དེ་ལ་དབྱེ་ན། ལུང་གི་དམ་པའི་ཆོས་དང་། རྟོགས་པའི་དམ་པའི་ཆོས་གཉིས་སུ་ཡོད་དེ། མཆིམས་མཛོད་ལས། ། སྟོན་པའི་དམ་ཆོས་རྣམ་གཉིས་ཏེ། ། ལུང་དང་རྟོགས་པའི་བདག་ཉིད་དོ། ། དེ་འཛིན་བྱེད་པ་སྨྲ་བྱེད་དང་། ། སྒྲུབ་པར་བྱེད་པ་ཁོ་ན་ཡིན། ། ཞེས་གསུངས་པ་དང་། ལུང་གི་དམ་པའི་ཆོས་ལ་དབྱེ་ན། བཀའ་དང་བསྟན་བཅོས་གཉིས་སུ་ཡོད་དེ། ལྷའི་བུ་རབ་གནས་ཀྱིས་ཞུས་པའི་མདོ་ལས། ཆོས་རྣམས་ཐམས་ཅད་བཀའ་དང་བསྟན་བཅོས་གཉིས་སུ་འདུས། ། ལེགས་པར་གསུངས་དང་དེ་ཡི་དགོངས་འགྲེལ་བ། ། དེ་ཡི་དབང་གིས་ཤཱཀྱའི་བསྟན་པ་ནི། ། འཇིག་རྟེན་ཁམས་འདིར་ཡུན་རིང་གནས་པར་འགྱུར། ། ཞེས་གསུངས་པའི་ཕྱིར་ན། གསུང་རབ་ཡན་ལག་བཅུ་གཉིས་དེ་ཉིད་བསྡུས་ན་སྡེ་སྣོན་གསུམ། དེ་སྡུས་ན་དྲང་དོན་དང་ངེས་དོན་གྱི་མདོ་གཉིས་སུ་བསྡུས་པ་ནི་ལུང་ཀྱི་ཆོས་སོ། རྒྱུད་བླ་མ་ལས། གང་ཞིག་གང་གི་ཆགས་བྲལ་བ།། བདེན་གཉིས་མཚན་ཉིད་ཅན་དེ་ཆོས།། ཆགས་བྲལ་ཉིད་ནི་འགོག་པ་དང་། ལམ་གྱི་བདེན་པ་དག་གིས་བསྡུས།། ཞེས་གསུངས་པ་བཞིན་དུ་འགོག་བདེན་དང་ལམ་བདེན་གཉིས་ནི་རྟོགས་པའི་ཆོས་སོ། མདོར་ན་སྟོན་པས་ཆོས་འཁོར་ལ་བདེན་བཞིའི་ཆོས་འཁོར་དང་པོ་དང་། མཚན་ཉིད་མེད་པའི་ཆོས་འཁོར་བར་མ་དང་ལེགས་པར་རྣམ་པར་ཕྱེ་བའི་ཆོས་འཁོར་ཐ་མ་བཅས། དང་པོའི་གནས་ཝཱ་རཱ་ཎ་སཱི། གཉིས་པའི་གནས་བྱ་རྒོད་ཕུང་པོའི་རི། གསུམ་པའི་གནས་གྲོང་ཁྱེར་ཡངས་ཅན་སོགས་ནི་མདོ་ཕར་ཕྱིན་ཐེག་པའི་ལུང་གི་ཆོས་འཁོར་གསུམ་ཡིན་པ་བཅས་པཎ་ཆེན་ཤཱཀྱ་མཆོག་ལྡན་དྲི་མེད་ལེགས་པའི་བློ་གྲོས་ཀྱིས་མཛད་པའི<<ཟབ་བཞི་སྤྲོས་བྲལ་གྱི་བཤད་པ་སྟོང་ཉིད་བདུད་རྩིའི་ལམ་པོ་ཆེ།>> དང་རྒྱལ་བའི་སྲས་པོ་གྲགས་པ་ཐོགས་མེད་ཀྱིས་མཛད་པའི་<<བསྟན་བཅོས་མངོན་པར་རྟོགས་པའི་རྒྱན་གྱི་བརྗོད་བྱའི་གཙོ་བོ་དོན་བདུན་ཅུའི་རྣམ་བཤད་ངོ་མཚར་འོད་ཟེར་གྱི་འཕྲེང་བ།>> དེ་བཞིན་དུ་མཁས་གྲུབ་སྨྲ་བའི་ཁྱུ་མཆོག་དགེ་འདུན་བསྟན་དར་མཛད་པའི<<དྲང་ངེས་རྣམ་འབྱེད་ཀྱི་མཐའ་དཔྱོད།>> ཕྱག་དཔེ་དག་ལ་གཞིགས་ནས་བཤད་ཁུལ་ཙམ་ཡིན། ཕྱག་དཔེ་འདི་དག་ལ་ལེགས་གཟིགས་གནང་རོགས། ༢༠༢༠།༢།༡༨།༣།༣༥།
Leave a Reply