རྩོམ་པ་པོ། དགེན་ཨ་འདུས་སྐལ་བཟང་རྒྱ་མཚོ།
༩] གནས་ཆེན་ཁག
དེ་ན་འོ་སྐོལ་ཕྱི་མའི་དུས་སུ་སྐྱེས་པ། བསོད་ནམས་ཆུང་ངུའི་སྐྱེ་བོ། སངས་རྒྱས་ཀྱི་ཞལ་དངོས་སུ་མཇལ་བའི་སྐལ་བ་མ་ཐོབ་པ་དག་ནི། བདེ་བར་གཤེགས་པའི་གནས་ཆེན་བཞི་པོ་འདི་དག་ལ་མཇལ་དགོས་སོ་ཞེས་སྟོན་པ་མྱ་ངན་ལས་འདའ་ཁར་ཞལ་ཆེམས་ཀྱི་ཚུལ་དུ་གསུངས་ཡོད་དེ། ཇི་སྐད་དུ་ལུང་ཕྲན་ཚེགས་ལས། “དགེ་སློང་དག ང་འདས་པའི་འོག་ཏུ་གནས་བཞི་པོ་འདི་དག་ནི་རིགས་ཀྱི་བུ་དང་བུ་མོ་དད་པ་ཅན་རྣམས་ཀྱི་ཇི་སྲིད་འཚོ་བའི་བར་དུ་འགྲོ་བར་བྱ་ཞིང་དྲན་པར་འགྱུར་བ་བྱའོ། །
བཞི་གང་ཞེ་ན། འདིར་ནི་བཅོམ་ལྡན་འདས་འཁྲུངས་སོ། །
འདིར་ནི་བཅོམ་ལྡན་འདས་མངོན་པར་རྫོགས་པའར་སངས་རྒྱས་སོ། །
འདིར་ནི་བཅོམ་ལྡན་འདས་ཀྱི་ཆོས་ཀྱི་འཁོར་ལོ་རྣམས་བཅུ་གཉིས་སུ་བསྐོར་ཏོ། །
འདིར་ནི་བཅོམ་ལྡན་འདས་ཡོངས་སུ་མྱ་ངན་ལས་འདས་སོ། །
དགེ་སློང་དག་ང་འདས་པའི་འོག་ཏུ་འདིར་མཆོད་རྟེན་བསྐོར་བ་དང་། མཆོད་རྟེན་ལ་ཕྱག་འཚལ་བ་དག་འོང་གི དེ་དག་ལ་འདི་སྐད་ཅེས་བརྗོད་པར་བྱ་སྟེ།” ཞེས་པ་ནས་”ང་ལ་དད་པས་དུས་བྱས་པ་དེ་ཐམས་ཅད་ཀྱང་བདེ་འགྲོ་མཐོ་རིས་ཀྱི་འཇིག་རྟེན་དུ་འགྲོའོ།།”སོགས་རྒྱས་པར་བཀའ་སྩལ་ཏོ། །
དེ་བཞིན་དུ་མདོ་གཞན་ལས་ཀྱང་ང་མྱ་ངན་ལས་འདས་པའི་རྗེས་སུ། དགེ་སློང་གསར་བུ་འགའ་ཞིག་འོང་ནས། ཁྱེད་ཀྱི་སྟོན་པ་ཇི་འདྲ་ཞེས་དྲིས་ན། དེ་དག་ལ་གནས་བཞི་པོ་འདི་དག་བསྟན་པར་བྱ་སྟེ་”སོགས་གསུངས་ལ། རྟོག་གེ་འབར་བར་མདོ་དྲངས་པ་ལས་ཀྱང་གནས་བཞི་པོ་འདི་དག་བསྐོར་བས་མཚམས་མེད་པའི་སྡིག་པ་ཡང་འབྱང་བར་གསུངས་སོ། །
དེ་ལྟར་ན་རྡོ་རྗེ་གདན་ནི་བདག་ཅག་གི་སྟོན་པ་མངོན་པར་སངས་རྒྱས་པའི་གནས་ཡིན་ལ། བཀྲ་ཤིས་ལིམྦི་ནི་སྐུ་འཁྲུངས་པའི་གནསདང་། ཝཱ་ར་ཎཱ་སི་ནི་བདེན་བཞིའི་ཆོས་འཁོར་ཐོག་མར་བསྐོར་བའི་གནས། རྩྭ་མཆོག་གྲོང་ནི་རྟག་འཛིན་ཅན་རྣམས་ཆོས་ལ་སྐུལ་སླད་མྱ་ངན་ལས་འདས་པའི་གནས་ཏེ། མདོ་ལས་གསུངས་པའི་སངས་རྒྱས་ཀྱི་གནས་ཆེན་པོ་བཞི་པོ་འདི་དག་ཡིན་ལ། མཆོད་རྟེན་རྣམ་དག་ནི་རབ་ཏུ་བྱུང་བའི་གནས། ཆུ་བོ་ནཻ་རཛྙ་ནི་དཀའ་བ་སྤྱད་པའི་གནས། ནཱ་ལན་དཱ་སྐུ་ཚེ་བྱིན་གྱིས་བརླབས་པའི་གནས། མཉན་ཡོད་ནི་ཆོ་འཕྲུལ་བསྟན་པའི་གནས། ཁང་ཁ་ས་ནི་ ( གསལ་ལྡན་གྱི་གྲོང་གི་ལ་བ་ཛ་རའི་ནགས་སུ་ཨུ་དུམ་ཝ་རའི་ཤིང་དྲུང་ཞེས་བྲིས་པ་ཡང་ཡོད། ) ལྷ་ལས་བབས་པའི་གནས། ཡངས་པ་ཅན་ནི་ཆོས་འཁོར་ཐེངས་གཉིས་པ་བསྐོར་བའི་གནས། བྱ་རྒོད་ཕུང་པོའི་རི་ནི་ཆོས་འཁོར་ཆེན་པོ་ཐེངས་གསུམ་པ་བསྐོར་བའི་གནས། རྒྱལ་པོའི་ཁབ་ནི་དབྱེན་ཟླུམ་པའི་གནས། འཁོར་མོ་འཇིག་ནི་བདུད་བཏུལ་བའི་གནས་ཡིན་ལ། མགོན་པོ་ཀླུས་མཛད་པའི་ཐུབ་བསྟོད་ལྟར་ན་རིང་བསྲེལ་མང་དུ་སྤྲུལ་བ་དང་སྐུ་གདུང་ཆ་བརྒྱད་མཛད་ཡུལ་ཡང་གྲོང་ཁྱེར་རྩྭ་ཅན་ཉིད་ཡིན་པ་ཤེས་སོ། ། གནས་ཆེན་བརྒྱད་ཀྱི་སྐོར་ཞིབ་པར་གཟིགས་ན་ཐང་ཟན་ཙང་སོགས་ཀྱི་རྒྱ་གར་ལམ་ཡིག་ཁག་དང་། ཆག་ལོ། གྲུབ་ཐོབ་ཨོ་རྒྱན་པ། སྟག་རས་ངག་དབང་རྒྱ་མཚོ་བཅས་ཀྱི་ལམ་ཡིག་དང་རྣམ་ཐར་ཁག་ལ་གཟིགས་ན་གསལ་ལོ། །
མུ་འགོད།
Leave a Reply