ཞན་ཙང་གི་ལམ་གྱི་ཟིན་ཐོ་དང་འབྲེལ་ཏེ་འཆད་པའི་ཤྲུག་ནའི་གནས་བཤད།

ཞཱན་ཙང་གི་ལམ་གྱི་ཟིན་ཐོ་དང་འབྲེལ་ཏེ་འཆད་པའི་ཤྲུག་ནའི་གནས་བཤད།

ཤིན་ཏུ་གྲགས་ཆེན་ཧིནྡུ་ཀུ་ཤའི་རི་གཟར་བྲག་གཡང་ཤིན་ཏུ་བགྲོད་དཀའ་བར། །
དུས་བཞིར་རྟག་ཏུ་ཁ་བའི་བུ་ཡུག་དྲག་ཏུ་འཚུབས་ཤིང་དབྱར་ཡང་འཁྱགས་མི་ཞུ། །ལམ་འཕྲང་དོག་ལ་མི་མིན་གདུག་ཅིང་མ་རུངས་ཆོམ་རྐུན་སྟོང་གང་འཇིགས་རུང་ལམ།དྲུག་བརྒྱའི་རྒྱང་གྲགས་ཐག་ཀྱང་ཞུམ་མེད་སྤོབས་པས་བརྒལ་དཀའ་མཐར་ཕྱིན་ཞཱན་ཙང་བསྟོད། །

༄༅། །ཞཱན་ཙང་ཕྱི་ལོ་༦༢༧ ལོར་རང་ཡུལ་ནས་རྒྱ་གར་ལ་ཐོན། ཕྱི་ལོ་༦༣༠ ལོར་རྒྱ་གར་དུ་འབྱོར། ཕྱི་ལོ་༦༣༡-༦༣༣བར་སློབ་གཉེར་གནང་སྟེ་ཀཤྨིར་དུ་བཞུགས། ཕྱི་ལོ་༦༣༤ ལོར་ཇཱལནྡྷར་ཕེབས་ཏེ་དབྱར་གནས་ལ་བཞུགས། ཇཱལནྡྷར་གཙུག་ལག་ཁང་ལྔ་བཅུ་ང་གཅིག་ཙམ་དང་། དེར་དགེ་སློང་ཉིས་སྟོང་ཙམ་ཡོད་པ་རྣམས་ནི་ཐེག་ཆེན་དང་ཐེག་དམན་གཉིས་ཀ་ལ་མོས་པའི་དགེ་སློང་ཡིན། དེ་མཚམས་ཀུ་ལུ་ཏ་ལ་ཕེབས། དེར་གཙུག་ལག་ཁང་ཉི་ཤུ་དང་དགེ་སློང་སྟོང་ཙམ་ཡོད་པའི་ནང་ནས་མང་ཆེ་བ་ཐེག་པ་ཆེན་པོའི་དགེ་སློང་ཡིན་པར་མཇལ། དེ་ནས་མཐུརཱ་སྟེ་བཅོམ་བརླག་ཏུ་འབྱོར། དེར་གཙུག་ལག་ཁང་ཉི་ཤུ་ལྷག་ཙམ་དང་དགེ་སློང་ཉིས་སྟོང་ཙམ་ཡོད་པ་རྣམས་ཐེག་ཆེན་དང་ཐེག་དམན་གཉིས་ཀ་ལ་སློབ་གཉེར་མཛད་པ་མཇལ། དེ་ནས་ཕྱི་ལོ་༦༣༤ ལོའི་དགུན་ཁ་ཤྲུག་ནའི་རྒྱལ་ཁམས་སུ་འབྱོར། རྒྱལ་ཁམས་འདི་ནི་མཐའ་སྐོར་གྱི་རིང་ཚད་རྒྱང་གྲགས་དྲུག་སྟོང་ཡོད་པ། ཤར་དུ་ཆུ་བོ་གངྒ་ལ་ཐུག་པ། རྒྱབ་ནི་རི་བརྒྱུད་ཆེན་པོོ་ལ་བརྟེན་པ། ཆུ་བོ་ཡ་མུ་ནས་ཡུལ་གྱི་གཞུང་གཤག་སྟེ་འབབ་པ། རྒྱལ་སའི་ཁོར་ཡུག་ཏུ་ལེ་བར་ཉི་ཤུ་ལྷག་ཡོད། ཤར་ཆུ་བོ་ཡ་མུ་ན་ལ་ཉེ་ཡང་རྨང་ཤིན་ཏུ་བརྟན་ཙང་ཆུའི་འཇིགས་པ་མེད་པར་མཇལ། ནམ་དུས་སའི་བསིལ་དྲོད་ལ་སོགས་ནི་སྠཱནེཤླྦར་གྱི་ཡུལ་དང་འདྲ་ཤས་ཆེ་བ། མིའི་རང་བཞིན་དྲང་ཞིང་བརྟན་པ། ཡོན་ཏན་སློབ་པ་ལ་མོས་པ་ཡིན་ཡང་མི་མང་ཆེ་བ་ཕྱི་རོལ་པ་ལ་ཞེན་ཆེ། བསོད་ནམས་དང་རིག་པ་ཟུང་འབྲེལ་ལ་མཆོག་ཏུ་འཛིན་པ། གཙུག་ལག་ཁང་ལྔ་ཙམ་ཡོད་པར་དགེ་སློང་ཆིག་སྟོང་ལྷག་ཡོད་པ་རྣམས་ཐེག་དམན་ལ་སློབ་གཉེར་མཛད་པ་མཇལ། དགེེ་སློང་ལྟ་གྲུབ་ལ་མཁས་པ་མང་པོ་བཞུགས་པའི་རྐྱེན་གྱིས་ཕྱོགས་བཞི་ནས་སློབ་གཉེར་ལ་ཕེབས་མཁན་མང་། ཞཱན་ཙང་ཡང་དགེ་སློང་ཡདགུཔྟའི་དྲུང་དུ་ལྟ་གྲུབ་སྐོར་ལ་སློབ་གཉེར་གནང་སྟེ་བཞུགས། ཕྱི་ལོ་༦༣༥ ལོའི་དབྱར་གནས་ཀྱང་དེ་གར་མཛད། དེར་ཕྱི་རོལ་པའི་ལྷ་ཁང་བརྒྱ་ཕྲག་གཅིག་ཡོད་པར་གསང་ཚིག་སྨྲ་བ་མང་དག་གནས་པ་མཇལ། གྲོང་ཁྱེར་དེའི་ལྷོ་ནུབ་མཚམས། ཆུ་བོ་ཡམུནའི་ནུབ་ཕྱོགས་སུ་གཙུག་ལག་ཁང་ཆེན་པོ་ཞིག་ཡོད་པའི་ཤར་སྒོའི་ཕྱི་ལོགས་སུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པའི་མཆོད་རྟེན་ཆེན་པོ་ཞིག་ཡོད་པ་དེ་ནི་གནས་འདིར་བདག་ཅག་སྟོན་པ་ཐུགས་རྗེ་ཅན་ཕེབས་ཏེ་ཆོས་འཁོར་བསྐོར་ཏེ་དད་ལྡན་རྣམས་ཐར་པའི་ལམ་ལ་བཀོད་པའི་ཕྱག་རྗེས་ཀྱི་མཚོན་བྱེད་དུ་ཆོས་རྒྱལ་མྱ་ངན་མེད་ཀྱིས་བཞེངས་པ་ཡིན་ཞེས་ཞཱན་ཙང་གིས་གསུངས། དེའི་འགྲམ་དུ་སྟོན་པའི་དབུ་ལོ་དང་ཕྱག་སེན་བཞུགས་པའི་མཆོད་རྟེན་དང་དེའི་མཐའ་སྐོར་དུ་ཤ་རིའི་བུ་དང་མཽའོ་གལ་གྱི་བུ་དང་དེ་མིན་དགྲ་བཅོམ་པ་རྣམས་ཀྱི་དབུ་སྐྲ་དང་ཕྱག་སེན་བཞུགས་པའི་མཆོད་རྟེན་བཅུ་ཕྲག་བརྒལ་བ་མང་པོ་མཇལ། སྟོན་པ་མྱ་ངན་ལས་འདས་རྗེས་ཤྲུག་ནའི་རྒྱལ་ཁམས་ཀྱི་དད་ལྡན་རྣམས་མུ་སྟེགས་པ་དང་བྲམ་ཟེ་དག་གིས་བསླུས་ཏེ་ཕྱི་རོལ་པར་དད་མཁན་མང་པོའང་མཇལ། ཕྱོགས་གཞན་དང་གཞན་ནས་ཕེབས་པའི་ནང་པའི་ལྟ་གྲུབ་སྨྲ་བའི་དགེེ་སློང་མཁས་པ་དག་གིས་རྟོག་གེ་པ་དང་བྲམ་ཟེ་རྣམས་དང་བགྲོ་གླེང་གནང་སྟེ་ཁོང་རྣམས་མི་སྨྲ་བའི་གནས་ལ་བཀོད་པའི་གནས་དེ་དང་དེར་དྲན་རྟེན་དུ་གཙུག་ལག་ཁང་གསར་པ་ལྔ་ཙམ་བཞེངས་པའང་མཇལ་ཞེས་ལམ་གྱི་ཟིན་ཐོར་བྲིས་འདུག མདོར་ན་ལོ་ཆེན་ཞཱན་ཙང་གི་ཉེར་ལེན་གྱི་རྒྱུ་དང་དབྱིན་ཇིའི་ཉམས་ཞིབ་པ་ཆེན་པོ་ཀ་ནིང་གྷམ་གྱི་ལྷན་ཅིག་བྱེད་རྐྱེན་ལ་བརྟེན་ནས་སྟོན་པ་ཐུགས་རྗེ་ཅན་གྱིས་དངོས་སུ་ཞབས་ཀྱིས་བཅགས་ཏེ་བྱིན་གྱིས་བརླབས་པའི་གནས་ཤུལ་ལྷག་མ་འདི་དེང་དུས་བདག་ཅག་གིས་སྟོན་པའི་ཆོས་འཕྲུལ་ཟླ་བའི་ཡར་ཚེས་ཉིན་མཇལ་བའི་སྐལ་བ་ནི་ཤིན་ཏུ་བཟང་ངོ་སྙམ་མོ་ཞེས་པ་འདི་ནི་གནས་མཇལ་ཚར་གཉིས་པ་འགྲོ་སྐབས་མཁན་མིང་བསོད་ནམས་རྒྱ་མཚོས་བྲིས་སོ།། །།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*