རྩོམ་པ་པོ། མཁན་ཆེན་བསོད་ནམས་རྒྱ་མཚོ།
༄༅། །མ་བཅོས་དད་པའི་ཡིད་ཀྱི་གསོལ་འདེབས་བཞུགས་སོ། །
རྣལ་འབྱོར་དབང་ཕྱུག་བིར་ཝའི་ཐུགས་བཅུད་གསུང་ངག་དང་། ། དངོས་རྟོགས་གྲུབ་ཆེན་མི་ལ་རྗེ་ཡི་མགུར་འབུམ་ཆེ། ། དགོངས་གཅིག་དབྱངས་གཅིག་[1]ཡིན་པའི་བཀྲ་ཤིས་གཡང་ཆགས་ཀྱིས། ། མགོན་ཁྱོད་བདག་སོགས་དོན་སླད་བསྐལ་བརྒྱར་ཞབས་བརྟན་གསོལ། ། (ཤིས་བརྗོད་ཀྱི་རྒྱན།) [1] ༼འཇམ་མགོན་མཁྱེན་ཀོང་རྣམ་གཉིས་ཀྱི་ཐུགས་སྲས་ཀུན་གྱི་གཙོ་བོ་སྐུ་ཚེ་དེ་ཁོ་ན་ལ་ཕྱག་ཆེན་ཟུང་འཇུག་སྐུ་བརྙེས་སྒ་སྟོན་རྡོ་རྗེ་འཆང་གིས་ས་སྐྱ་པའི་ལམ་འབྲས་དང་རྗེ་བཙུན་མི་ལའི་མགུར་འབུམ་གཉིས་དགོངས་པ་དབྱེར་མེད་ཡིན་པའི་ཞལ་གདམས་ཀྱི་མན་ངག་དེ་ཉིད་ཐུགས་སྲས་སྡེ་སྟོན་ཨ་འཇམ་རིན་པོ་ཆེར་གསུངས་པའི་ཞལ་རྒྱུན་རྣམས་བདག་ཅག་རྣམས་ཀྱི་དྲིན་ཆེན་རྩ་བའི་བླ་མ་མཁན་ཆེན་ཨ་པད་རིན་པོ་ཆེའི་ཞལ་སྔ་ནས་ཁོ་བོ་ཅག་གིས་ཐོས་སོ།།༽ གྲུབ་ཆེན་མི་ལའི་ཐུགས་སྲས་དྭགས་པོའི་ཐར་རྒྱན་ཆེ། ། འཇམ་དབྱངས་གྲགས་པའི་སྲས་མཆོག་གང་དེའི་རབ་དབྱེ་གཉིས། ། ཕྱག་ཆེན་གནད་ལ་འགལ་མེད་དགོངས་པ་གཅིག་[2]པའི་རྒྱུས། ། མགོན་ཁྱོད་བདག་སོགས་དོན་སླད་བསྐལ་བརྒྱར་ཞབས་བརྟན་གསོལ། ། (ཤིས་བརྗོད་ཀྱི་རྒྱན།) [2] ༼དྭགས་པོ་རིན་པོ་ཆེའི་ཐར་རྒྱན་དང་ས་སྐྱ་པཎྜིཏའི་སྡོམ་གསུམ་རབ་དབྱེ་ནས་གསུངས་པའི་ཕྱག་ཆེན་རྣམས་དགོངས་པ་འགལ་མེད་གཅིག་ཡིན་པའི་སྐོར་འཇམ་མགོན་ཀོང་སྤྲུལ་གྱིས་གསུངས་སོ་ཞེས་བདག་ཅག་གི་དྲིན་ཆེན་རྩ་བླ་མཁན་ཆེན་ཨ་པད་རིན་པོ་ཆེས་གསུངས་སོ།།༽ འདི་ཉིད་འཁོར་འདས་ཞེས་བྱའི་རྒྱུད་རྒྱལ་རྡོ་རྗེའི་ལུང་། ། ས་བཀའ་རྣམ་རྟོག་ཆོས་སྐུ་འཁོར་བ་མྱང་འདས་ཀྱི། ། རྟེན་དང་ལྟ་གྲུབ་གཅིག་[3]པའི་བཀྲ་ཤིས་དཔལ་དབྱངས་ཀྱིས། ། མགོན་ཁྱོད་བདག་སོགས་དོན་སླད་བསྐལ་བརྒྱར་ཞབས་བརྟན་གསོལ། ། (ཤིས་བརྗོད་ཀྱི་རྒྱན།) [3] ༼རྩ་རྒྱུད་བརྟག་གཉིས་ལས།འདི་ཉིད་འཁོར་བ་ཞེས་བྱ་སྟེ། །འདི་ཉིད་མྱ་ངན་འདས་པ་ཡིན། །ཞེས་པ་འདི་ས་བཀའི་རྣམ་རྟོག་ཆོས་སྐུ་འཁོར་བ་མྱང་འདས་ཀྱི་རྒྱབ་རྟེན་ལུང་དང་དེའི་རྐྱེན་གྱིས་ས་བཀའ་ལྟ་བའི་གནད་གཅིག་ཡིན་པའི་ཚུལ་རྣམས་ཆོས་རྗེ་ཀརྨ་འཕྲིན་ལས་པ་དང་བདག་གི་དྲིན་ཆེན་རྩ་བའི་བླ་མ་མཁན་ཆེན་ཨ་པད་རིན་པོ་ཆེས་གསུངས་སོ། །༽ གྲུབ་བརྒྱའི་གཙུག་ནོར་དཔལ་མགོན་འཕགས་པ་ཀླུ་སྒྲུབ་དང་། ། བརྟན་པའི་འཁོར་ལོ་འཇམ་དབྱངས་ས་སྐྱ་པཎ་ཆེན་རྗེས། ། སྡོམ་གསུམ་ངོ་བོ་གཅིག་[4]བཞེད་མན་ངག་དམ་པའི་དགེས། ། མགོན་ཁྱོད་བདག་སོགས་དོན་སླད་བསྐལ་བརྒྱར་ཞབས་བརྟན་གསོལ། ། (ཤིས་བརྗོད་ཀྱི་རྒྱན།) [4] ༼འཕགས་པ་ཀླུ་སྒྲུབ་མཆོག་ཉིད་སླར་ཡང་གངས་ཅན་མཛེས་རྒྱན་དུ་ཕེབས་པའི་གྲུབ་ཆེན་སྐྱོབ་པ་རིན་པོ་ཆེའི་དགོངས་གཅིག་དང་རྒྱལ་ཀུན་མཁྱེན་པའི་རང་གཟུགས་ས་སྐྱ་པཎ་ཆེན་གྱི་སྡོམ་གསུམ་རབ་དབྱེ་གཉིས་ནས་གསུངས་པའི་སྡོམ་པ་གསུམ་པོ་རྣམས་ངོ་བོ་གཅིག་ཏུ་བཞེད་པར་ནི་ཆོས་རྗེ་ཀརྨ་འཕྲིན་ལས་པའི་ཞལ་སྔ་ནས། སྡོམ་གསུམ་ངོ་བོ་གཅིག་པར་ས་འབྲི་མཐུན། །ཞེས་གསུངས་སོ། །༽ འཇམ་དཔལ་དབྱངས་མགུར་རབ་དབྱེའི་འཇིག་རྟེན་མཐུན་འཇུག་དང་། ། དྭགས་བརྒྱུད་གྲུབ་ཐོབ་གོང་མའི་ཉམས་སྣང་གངས་ཅན་ཆེ། ། ཡིན་ལུགས་དོན་ལ་བཞེད་དགོངས་དབྱེར་མེད་[5]བྱིན་རླབས་མཐུས། ། མགོན་ཁྱོད་བདག་སོགས་དོན་སླད་བསྐལ་བརྒྱར་ཞབས་བརྟན་གསོལ། ། (ཤིས་བརྗོད་ཀྱི་རྒྱན།) [5] ༼སྡོམ་གསུམ་རབ་དབྱེའི་དངོས་བསྟན་ལ་ཏི་སི་གངས་ཅན་མ་ཡིན་པར་གསུངས་པ་དང་བཀའ་བརྒྱུད་གོང་མ་རྣམས་ཀྱིས་ཏི་སི་གངས་ཅན་ཡིན་པར་གསུངས་པ་ནི་འཇིག་རྟེན་མཐུན་འཇུག་དང་ཉམས་སྣང་གཉིས་ཀྱི་དབང་གིས་དེ་ལྟར་བྱུང་བ་ལས་དོན་ལ་དགོངས་པ་དབྱེར་མེད་ཡིན་ཞེས་བདག་གི་དྲིན་ཆེན་རྩ་བའི་བླ་མ་མཁན་ཆེན་རིན་ཆེན་བཟང་པོས་གསུངས།༽ རྒྱལ་བ་བློ་བཟང་གྲགས་པ་ཡབ་སྲས་རྣམ་གསུམ་གྱིས། ། བསྔགས་པའི་ཡུལ་འགྱུར་བཀའ་ཆེན་སྡོམ་གསུམ་རབ་དབྱེ་ཆེ། ། ས་བཀའ་དབྱེན་ཟླུམ་མཆོད་རྟེན་ཉིད་འགྱུར་[6]བདེན་པའི་གཟིས། ། མགོན་ཁྱོད་བདག་སོགས་དོན་སླད་བསྐལ་བརྒྱར་ཞབས་བརྟན་གསོལ། ། (ཤིས་བརྗོད་ཀྱི་རྒྱན།) [6] ༼ཆོས་རྗེ་ས་པཎ་གྱི་སྡོམ་གསུམ་རབ་དབྱེས་ནི་ས་བཀའི་མཁས་གྲུབ་རྣམས་ཀྱི་དགོངས་པ་འགལ་མེད་དྲང་ངེས་འབུམ་གྱི་དོན་འཆད་པར་ཀུན་མཁྱེན་ཞྭ་དམར་བཞི་པས་གསུངས་པ་དང་སྡོམ་གསུམ་རབ་དབྱེ་ནི་ས་བཀའ་དབྱེན་ཟླུམ་མཆོད་རྟེན་ཡིན་ཞེས་འཇམ་མགོན་ཀོང་སྤྲུལ་གྱིས་གསུངས་པ་དང་དེའི་ཚུལ་ཟུར་ཙམ་ཞིག་ཀུན་མཁྱེན་འཇིགས་མེད་གླིང་པའི་རང་རྣམ་ལས་ཀྱང་གསལ་ལོ། །༽ མཚན་དཔེས་རབ་བརྒྱན་འོད་སྐུ་མཆོག་མངའ་ས་པཎ་རྗེས། ། རྣལ་འབྱོར་དབང་ཕྱུག་སྤྱན་སྔར་ཕུལ་བའི་ཡི་གེ་ཆེའི། ། བརྗོད་སྙིང་ས་འབྲི་དམ་ཚིག་གཙང་གསུངས་[7]བདེན་ཚིག་གླུས། ། མགོན་ཁྱོད་བདག་སོགས་དོན་སླད་བསྐལ་བརྒྱར་ཞབས་བརྟན་གསོལ། ། (ཤིས་བརྗོད་ཀྱི་རྒྱན།) [7] ༼གངས་ཅན་གྲུབ་བརྒྱའི་གཙོ་བོ་རྣལ་འབྱོར་དབང་ཕྱུག་སྤྱན་སྔ་གྲགས་པ་འབྱུང་གནས་མཆོག་ས་སྐྱར་གདན་ཞུའི་ཆེད་འཇམ་མགོན་བླ་མ་ས་སྐྱ་པཎ་ཆེན་གྱིས་ཕུལ་བའི་ཡི་གེའི་ནང་ས་འབྲི་དམ་ཚིག་གཙང་མ་ཡིན་ཞེས་གསུངས།ཕྱག་ཡིག་དེ་དེང་སང་ཡང་ཀུན་མཁྱེན་པདྨ་དཀར་པོའི་ཆོས་འབྱུང་ནང་དུ་བཞུགས་སོ། །༽ ཞེས་པ་འདི་ནི་རིས་སུ་མ་ཆད་པའི་བསྟན་འཛིན་ཐམས་ཅད་སྐུ་ཚེ་ཞབས་པད་བསྐལ་བརྒྱར་བརྟན་ཅིང་ཐུགས་ཀྱི་བཞེད་དགོངས་མ་ལུས་པ་ལྷུན་གྱིས་གྲུབ་སྟེ་འཕྲིན་ལས་ནམ་མཁའ་དང་མཉམ་པ་ཡོང་བ་དང་།དེ་བཞིན་དུ་རིས་མེད་བསྟན་པའི་སྦྱིན་བདག་ཐམས་ཅད་སྐུ་ཚེ་བརྟན་ཅིང་མངའ་ཐང་རྒྱས་པའི་ཆེད་དུ་འཕགས་པ་ཚེ་དང་ཡེ་ཤེས་དཔག་ཏུ་མེད་པའི་ཐེག་པ་ཆེན་པོའི་མདོ་རྒྱུན་དུ་ཚར་གསུམ་གསུམ་འདོན་མཁན་ཆོས་མེད་གྱི་ན་བ་བསོད་ནམས་རྒྱ་མཚོས་རྒྱལ་ཡོངས་འབྲི་གུང་འཁྲུངས་སྐར་རྩོམ་སྒྲིག་ཚོགས་ཆུང་གི་བཀའ་ངོ་མ་བཟློག་ཙམ་དུ་མ་བཅོས་དད་པའི་ཡིད་ཀྱི་སྒོ་ནས་བྲིས་ཏེ་ཕུལ་ལོ། །
Leave a Reply