རྩོམ་པ་པོ། དགེན་ཨ་འདུས་སྐལ་བཟང་རྒྱ་མཚོ།
སྙིང་རྗེས་བཟི་བའི་བཙུན་མ་ཞིག (བོད་ཀྱི་བཙུན་མ་བགྲེས་སོང་ཞིག་གི་སྙིང་རྗེའི་བཞུད་ལམ་གླེང་བ། )སྔར་ལོ་ནི་ལས་འབྲས་མི་བསླུ་བའི་བདེན་པ་མགོ་ཐོག་ཏུ་འཁོར་བའམ། ཡང་ན་འགྲོ་བ་མིས་བྱས་ཉེས་ཀྱིས་རྐྱེན་པས་འཛམ་གླིང་ཧྲིལ་པོ་ནད་ཀྱི་གཡང་སར་ལྷུང་བ་ན། མི་ཕལ་མོ་ཆེ་རང་ཁྱིམ་གྱི་སྒོ་ཐེམ་དང་རྩིག་འདབ་ཙམ་ཡང་བརྒལ་མི་ཕོད་པའི་གནས་སུ་གྱུར། དེ་ལྟ་ནའང་རང་ལས་གཞན་གཅེས་ཀྱི་སྙིང་རྗེས་རྟག་ཏུ་བཟི་བའི་ནང་པའི་བཙུན་མ་བགྲེས་སོང་ཞིག ཐོ་རངས་ཆུ་ཚོད་གསུམ་པ་ནས་བཞེངས་ཏེ་གྲོ་ཕྱེ་རྒྱ་མ་བཞི་བཅུ་ཙམ་རེས་བག་ལེབ་བཟོ་བར་བྲེལ་བཞིན་ཡོད། ཁོ་མོ་འདི་ལྟར་སྔ་བོ་བཞེངས་དོན་ནི། ནེའུ་ཡོག་གི་ལས་བཟོ་བ་ལྟར་རང་གི་འཚོ་ཆས་དང་ཟླ་ཕོག་གི་ཆེད་དུ་མ་ཡིན་ལ། དཔོན་ཚང་ག་གེ་མོའི་གཡོག་མོ་ལྟར་རྒྱུ་ཆེན་དབང་ཆེན་ཚོའི་ཁ་ངོ་མ་ཆོག་པས་ལྷག་ཏུ་མ་རེད། བཟའ་མི་བུ་ཕྲུག་གི་འཆང་རྒྱ་དང་བྲལ་བའི་བཙུན་མ་བགྲེས་སོང་ཁོང་ལ་མཚོན་ན། ཚེ་འདིའི་གསོག་འཇོག་དང་། སྙན་གྲགས་ནི་དེ་བས་དགོས་དོན་ཅི་ལ་ཡོད། ཁོང་གིས་འདི་ལྟར་དཀའ་སྤྱད་དང་སྙིང་རུས་གནང་དོན་ནི། ཏོག་དབྱིབས་རིམ་ནད་ཀྱིས་འཇིགས་སྐྲག་འོག་མི་རྣམས་ཁྱིམ་དུ་ཚུད་ཅིང་།
སྲང་ལམ་ན་མགོན་མེད་སྐྱབས་མེད་དུ་གྱུར་པའི་ཁྱི་འཁྱམས་ཚོ་ཉིན་རེ་བཞིན་དཀའ་སྡུག་ཚད་མེད་པས་མནར་བའི་གནས་སྟངས་གཟིགས་པ་ན། ཐེམ་སྤང་བཀའ་རྒྱ་བསྒྲགས་མིན་ལ་མ་ལྟོས་པར། ཁྱི་སྡོམ་བདུན་ཅུ་ཙམ་གྱི་ཚེ་སྲོག་ཁོ་ནའི་ཆེད་དུ་བཞེངས་དགོས་བྱུང་བ་ཡིན་འདུག་སྟེ། དེའི་ཐད་ནས་ཁོང་གིས་གསུངས་དོན། དེ་སྐབས་ངས་ནི་སྟོན་པ་བཅོམ་ལྡན་འདས་དང་། རྗེ་བཙུན་སྒྲོལ་གཉིས་ལ་གསོལ་བ་བཏབ་སྟེ། ཁྱེད་གཉིས་ནི་སངས་རྒྱས་ཡིན་པས་ངའི་སེམས་མཁྱེན་གྱི་རེད། ད་ང་ནི་ནད་ཀྱིས་ཤི་སོང་ནའང་། ལས་ངན་ཁྱི་འཁྱམས་ཚོའི་ཆེད་དུ་ཕྱི་ན་འགྲོ་གི་ཡིན། སྐྱབས་འཇུག་གནང་རོགས་ཞུས་པ་ཡིན་གསུངས། གུས་པས་ཟླ་གཉིས་ཙམ་གྱི་སྔོན་ནས་བཙུན་མ་འདིས་ཁྱི་འཁྱམས་ཚོར་བག་གོར་སྤྲོད་བཞིན་པ་མཐོང་ནའང་། དེ་ནི་སྤྱིར་བཏང་གི་ཟས་སྦྱིན་ཙམ་ལས་ཆེད་ལས་རང་བཞིན་གྱི་ལས་དོན་ཞིག་ཡིན་པ་ལར་ནས་མ་ཤེས། དེ་ལྟ་ནའང་། གནའ་མིའི་ཁ་དཔེར། མཆོད་རྟེན་དང་འགྲོག་ན་དཀར་པོ། ཞེས་པའི་དཔེ་ལྟར། ཉིན་རེའི་མི་ཚེ་ཆོས་ཀྱི་འཇིག་རྟེན་ནས་རྫོགས་ཤིང་འཛད་ཀྱིན་པ་དག་གི་ངག་སྒོ་ནས་བཙུན་མ་བགྲེས་སོང་གང་གི་མཛད་བཟང་དག་རིམ་པར་ཐོས་ཤིང་། རང་ཉིད་ཀྱིས་ཟླ་ཤས་རིང་ལན་མང་མྱངས་ཐེངས་རེ་རེ་བཞིན། ཅི་འདྲའི་ཡ་མཚན་པ་ལ་ཨང་སྙམ་པ་ལན་མང་བྱུང་ཞིང་། དེ་ནས་བཟུང་མཆོད་རྟེན་ཕྱི་ནང་དང་། སྲང་ལམ་གྱི་གྲུ་ཟུར་གང་ནས་ཡིན་རུང་། ཁོང་དང་ནམ་ཕྲད་ལ་གུས་ཞབས་མཚོན་སླད་བཀྲ་ཤིས་བདེ་ལེགས་ཞུ་བ་དང་ལྷན་དུ་མགོ་བོ་སྒུར་ཙམ་རེ་བྱེད་བཞིན་ཡོད་ཅིང་། དེ་ནི་ཁོང་གི་བླ་ན་མེད་པའི་སྙིང་སྟོབས་ལ་གུས་ཞབས་མཚོན་སླད་ཡིན། དེ་ལྟར་ཟླ་བ་གཉིས་ཕྱིན་རྗེས་ཀྱི་ཁ་སང་སྟེ། ཕྱི་ཟླ་ ༢ ཚེས་ ༢༣ ཉིན་གྱི་ཞོགས་པའི་ཆུ་ཚོད་ ༡༡ ཙམ་ལ་གུས་པ་མཆོད་རྟེན་ནང་གི་སྔ་དྲོའི་ཆོས་ཐུན་གྲུབ་སྟེ། རྒྱུན་ལྡན་ལྟར་མཆོད་རྟེན་མདུན་ངོས་ཀྱི་སྲང་ལམ་ན་ཕྱིན་པ་ན། ལམ་བར་ནས་ཨ་ནེ་ལགས་ལྷོད་པར་བཞུགས་པ་མཇལ་བྱུང་། དེ་མ་ཐག་གམ་དུ་བཅར་ཏེ་འཚམས་འདྲི་ཞུས་ཤིང་། རང་ཉིད་ངོ་སྤྲོད་ཕྲན་བུ་ཞིག་བྱས་རྗེས། ཨ་ནེ་ལགས་ཀྱི་རླབས་ཆེན་གྱི་བགྱི་བ་བཟང་པོ་དེར་གུས་པ་ཡི་རངས་ཆེན་པོ་ཡོད་ཚུལ་དང་། ཐུགས་རྗེ་ལེགས་འབུལ་མཚོན་སླད་གུང་ཚིག་ཅིག་འབུལ་ཆོག་པའི་རེ་སྐུལ་ཞུས་པ་ཡིན། ཁོང་གིས་དེ་འདྲ་དགོས་ཀྱི་མ་རེད། ཁྱེད་ཀྱིས་རྒྱབ་སྐྱོར་གནང་བ་ལ་ཐུགས་རྗེ་ཆེ་ཞེས་གསུངས་བྱུང་། ངས་དེ་མ་ཐག་ཨ་ནེ་ལགས་ཀྱིས་ཕྱག་ལས་འདི་ལས་སླ་བོ་ཞིག་གཏན་ནས་མ་རེད། ལྷག་པར་དུ་ལས་ཀ་འདི་རིགས་ཉིན་ཞགས་སྤྲེལ་ནས་གནང་དགོས་པ་ཡིན་དུས། དེའི་ཐད་ཁྱེད་ཀྱིས་བསམ་བློ་ག་འདྲ་གཏོང་གི་ཡོད་ཅེས་དྲིས་པ་ན། ཁོ་མོའི་བཞིན་རས་འཛུམ་མདངས་དང་བཅས་གསུངས་དོན། སྤྱིར་ང་ཚོ་མི་ཞིག་ཡིན་ཚེ། གནས་སྟངས་ཅི་འདྲ་སྐྱོ་ནའང་དེར་རང་གི་གཉེན་ཉེས་མཚོན་པའི་སྐྱོ་རོགས་བྱེད་མཁན་ཞིག་ཡོད་ནའང་། ཁྱི་་་་་ཁྱི་་་་་ཞེས་ཨ་ནེ་ལགས་ཀྱིས་མགྲིན་པ་བརྣངས་བྱུང་། དེ་དང་ལྷན་དུ་སྤྱན་ཆབ་ཉིལ་ཉིལ་དུ་བསིལ་བྱུང་། ཁོང་གི་སྤྱན་ཆབ་ཀྱི་ཐིག་པ་རེ་རེ་ལས། སྙིང་རྗེའི་འོད་མདངས་གསལ་པོར་འཕྲོ་བཞིན་འདུག་ཅིང་། ཁོང་གི་ངུ་ངག་གི་དབྱངས་འགྲོས་རེ་རེ་ལས། རང་ལས་གཞན་གཅེས་ཀྱི་ལྟ་བ་ཟབ་མོའི་སྙིང་བཅུད་ལུད་ཀྱིན་འདུག བཙུན་མ་བགྲེས་སོང་ཁོང་སྙིང་རྗེས་བཟི་བའི་སྐད་ཅིག་མ་དེར་དྲེད་པོ་བདག་ཀྱང་ཁུ་སིམ་མེར་ཁོང་གི་སྐད་ཆའི་མཇུག་ལ་ཉན་ནས་སྡོད་དགོས་བྱུང་། ཁོང་གིས་ཕྱག་ཟུང་གིས་རང་གི་སྤྱན་ཆབ་འཕྱི་བཞིན་མུ་མཐུད་གསུངས་དོན། ཁྱི་འཁྱམས་འདི་དག་གི་ལས་དབང་མཐོང་དུས་ང་ནི་ལན་རེར་གཉིད་མི་ཡོང་ཞིང་། སྐབས་རེར་ཟས་ཀྱི་ཡི་ག་ཡང་འགག་ཏེ་ཉལ་ཐུལ་གྱིས་མགོ་བོ་བཏུམ་ནས་ཡུན་རིང་ངུས་ནས་སྡོད་དགོས་བྱུང་ཞེས་གསུངས་བྱུང་། དབུགས་ཐེངས་གཅིག་གིས་བཀའ་མོལ་དེ་དག་འཆད་གྲུབ་རྗེས། ད་གཟོད་བཙུན་མ་བགྲེས་སོང་ཁོང་གི་སྤྱན་ཟུར་ནས་བརྩེ་བའི་འཛུམ་མདངས་འཁྱུག་བྱུང་། ངས་ཁོང་ལ་ཁྱེད་ཀྱི་དཀའ་ངལ་ཆེ་ཤོས་དེ་གང་རེད་ཅེས་དྲིས་པ་ན། ཁོང་གིས་གསུངས་དོན། དེ་ནི་བྱང་ཆུབ་ཤིང་དྲུང་ནས་ཁ་ཏོན་གསུངས་ཏེ་ཡུན་རིང་པོར་བསྒོམས་ལ་བཞུགས་ནའང་། མགོན་མེད་སྐྱབས་མེད་ཀྱི་ཁྱི་འཁྱམས་འདི་དག་གི་ཀུ་ཅོ་ཙམ་ལ་ཡང་བཟོད་མི་ཐུབ་པར། མཆོད་རྟེན་ནང་ནས་ཁྱི་ལ་དབྱིག་པས་རྡུང་མཁན་དེ་འདྲ་འདུག དེ་དག་མཐོང་ཚེ་དཀའ་ངལ་ཆེན་པོ་འདུག་ཟེར། ཡང་བཙུན་མ་བགྲེས་སོང་ཁོང་གིས་གསུངས་དོན། རྡོ་རྗེ་གདན་དུ་ཕེབས་མཁན་མང་པོ་ཞིག་གིས་སངས་རྒྱས་ཁོ་ནར་ན་བཟའ་འབུལ་དང་། ལྷུང་བཟེད་བརྗེ་བ་སོགས་ཀྱི་མཆོད་འབུལ་ཁོ་ན་བྱེད་པ་ལས། སངས་རྒྱས་ཐུགས་མཉེས་པའི་རྒྱུ་གཙོ་བོ་སེམས་ཅན་ལ་བྱམས་་དང་སྙིང་རྗེ་དེ་ཙམ་གནང་གི་མེད་པའི་སྣང་ཚུལ་བྱུང་། དེ་ནི་ཅུང་ཡ་མཚན་དགོས་པ་ཞིག་རེད་ཅེས་གསུངས་བྱུང་། ང་ཚོས་ཧོབ་ཏེ་ཉན་ན་སྐད་ཆ་དེ་ཧམ་བཤད་ལྟ་བུ་ཞིག་ཏུ་ཚོར་སྲིད་མོད། རྒྱ་གར་གྱི་སློབ་དཔོན་ཆེན་པོ་ཞི་བ་ལྷས་ཀྱང་གསུང་དེ་འདྲ་ཞིག་སྩལ་ཡོད་དེ། སྤྱོད་འཇུག་ལས། སེམས་ཅན་རྣམས་དང་སངས་རྒྱས་གཉིས། ། སངས་རྒྱས་ཆོས་འགྲུབ་འདྲ་བ་ལ། ། རྒྱལ་ལ་གུས་མཆོད་དེ་བཞིན་དུ། ། སེམས་ཅན་ལ་མིན་ཅི་ཡི་ཚུལ། ། ཞེས་དང་། སེམས་ཅན་མགུ་བྱ་མ་གཏོགས་པ། ། གཞན་གང་ཞིག་གིས་ལན་ལོན་འགྱུར། ། ཞེས་སོགས་ལོ་བརྒྱ་ཕྲག་མང་པོའི་གོང་ནས་གསུངས་འདུག་པས། ཐུགས་རྒྱུད་བྱམས་པ་དང་སྙིང་རྗེས་བཟི་བའི་བོད་ཀྱི་བཙུན་མ་བགྲེས་སོང་ཁོང་གི་སྤྱན་ཆབ་བསིལ་བཞིན་འུ་ཅག་ལ་འཁང་ར་གནང་དོན་ལ་ཡང་གནད་དེ་ལ་ཐུག་ནས་འདུག་པ་མ་ཡིན་ནམ། མདོར་ན། སྙིང་སྟོབས་ཀྱི་གོ་ཆ་མཆོག་ཏུ་བརྟན་པའི་བཙུན་མ་ཁོང་གི་མཚན་ལ་དགའ་དབྱངས་ལྷ་མོ་ཞུ་ཞིང་། མཚོ་པདྨ་ནས་ཀྱང་ཁྱི་འཁྱམས་ཚོར་བདག་པོ་གནང་། ཡོངས་གྲགས་སུ་དགའ་དབྱངས་ཞེས་འབོད། ཁོང་ནི་ཆབ་མདོ་བེ་རི་ནས་ཡིན་འདུག་ཅིང་། ཆུང་དུས་ནས་བཙུན་མ་བྱས་ཏེ་ཀུན་བཟང་བླ་མའི་ཞལ་ལུང་དང་། མི་ལ་རས་པའི་མགུར་འབུམ་སོགས་ལ་ཐུགས་གཉེར་གནང་སྟེ་ཆོས་ཀྱི་གོ་བ་གཏིང་ཚུགས་པར་གྱུར། དགུང་ལོ་བཅུ་དགུའི་ཐོག་བྱ་བྲལ་བ་ཞིག་བྱེད་དགོས་བསམ་སྟེ་རི་ཁྲོད་འགྲིམས་ནའང་། སྔ་ཕྱིར་ཡབ་ཡུམ་གཉིས་ཀ་གྲོངས་པས་སྤུན་མཆེད་ཆུང་བ་ཚོར་ལྟ་སྐྱོང་དང་འབྲེལ་གཙོ་བོ་བསྙེན་སྒྲུབ་མཛད་དེ་བཞུགས། ཕྱི་ལོ་༡༩༩༤ ལོར་རྒྱ་གར་དུ་འབྱོར། མཚོ་པདྨར་བཞུགས་ཤིང་དེ་གར་ཡང་བསྙེན་མཚམས་གཙོ་བོ་མཛད། དགུན་དུས་སུ་རྡོ་རྗེ་གདན་དུ་ཕེབས་ཏེ་སྒྲུབ་སྦྱོང་མཛད། དུས་དང་དུས་སུ་བདག་མེད་ཁྱི་འཁྱམས་ཚོའི་ཆེད་དགུང་ཕྱི་ཉལ་དང་། ནངས་སྔ་ལངས་ཀྱིས་གཟིགས་རྟོག་གང་ལེགས་མཛད་དང་མཛད་བཞིན་པའི་སྙིང་རྗེའི་བདག་ཉིད་ཀྱི་བཙུན་མ་བགྲེས་སོང་ཁོང་གི་མཛད་པ་ལ་རང་ཉིད་ཡི་རངས་པ་དང་། གཞན་དག་ཀྱང་ལེགས་མཛད་འདིར་རྗེས་སུ་ཡི་རངས་ཀྱི་དགེ་བར་སྐུལ་ཐུབ་ན་བདག་གཞན་དགེ་བ་ཐུན་མོང་དུ་ཤེས་ཏེ་ངོ་སྤྲོད་མདོར་བསྡུས་ཙམ་བྲིས་པ་ཡིན་ནོ། ། གསལ་བཤད། གོང་སྨོས་དེ་དག་ནི། རང་གིས་མིག་མཐོང་ཞིང་སེམས་ཀྱིས་དངོས་སུ་མྱངས་པ་ཁག་རྨང་གཞིར་བྱས་ཤིང་། སྙིང་རྗེའི་བདག་ཉིད་དུ་གྱུར་པ་བཙུན་མ་བགྲེས་སོང་གང་ཉིད་དང་ལྷན་དུ་ཇ་ཡུན་གཉིས་ཙམ་ལ་ཁ་བརྡ་བྱས་ཏེ་གནས་མཆོག་མ་གྷ་དྷ་ནས་ཨ་འདུས་པས་ཟིན་ཐོར་བཀོད་པ་ཡིན་ནོ། ། ༢༤། ༡༢། ༢༠༢༡། ཉིན།
Leave a Reply