༄༅། །དཔལ་ལྡན་བླ་མ་དམ་པ་མཆོད་པའི་ཆོ་ག་བྱིན་རླབས་ཀྱི་ཆུ་གཏེར་ཞེས་བྱ་བ་བཞུགས་སོ།།

༄༅། །ཤྲཱིཝཾསངྒུརུཔཱུཛཱསྱབིདྷིཨདྷིཥྛནཱོདདྷིནཱམབིཧརཏིསྨ།།

ཨོཾ་སྭསྟི། དཀྱིལ་འཁོར་རྒྱ་མཚོའི་ཁྱབ་བདག་རྡོ་རྗེ་འཆང་། །ཚུར་མཐོང་དགེ་བའི་བཤེས་ཀྱི་ཟོལ་འཛིན་པ། །མཚུངས་མེད་དཔལ་ལྡན་བླ་མ་དམ་པ་མཆོག །བརྒྱུད་པར་བཅས་ལ་གུས་པས་ཕྱག་འཚལ་ལོ། །གང་ཞིག་བསྟེན་ན་སྐུ་བཞི་ཡེ་ཤེས་ལྔ། །ཐུན་མོང་དངོས་གྲུབ་བཅས་པ་མ་ལུས་པ། །འབྱུང་བའི་སྒོ་གཅིག་དཔལ་ལྡན་བླ་མ་ཡི། །མཆོད་ཆོག་གོང་མའི་གསུང་བཞིན་འགོད་པར་བྱ། །དེ་ཡང་བླ་ན་མེད་པ་རྫོགས་པའི་བྱང་ཆུབ་ཐོབ་བྱེད་ཀྱི་ཐབས་མཆོག་ཏུ་གྱུར་པ་ནི་ཐུབ་བསྟན་ཉིང་ཁུ་གསང་ཆེན་རྡོ་རྗེ་ཐེག་པ་ཡིན་ཅིང་། དེ་ཡང་དབང་པོ་ཡང་རབ་ཚེ་གཅིག་ལུས་གཅིག་ལ་སངས་རྒྱས་པ་དང་། འབྲིང་སྐྱེ་བ་བདུན་ནས་འཚང་རྒྱ་བ་སོགས་བྱེད་པའི་ཐབས་མཆོག་བླ་མེད་རྡོ་རྗེ་ཐེག་པའི་ལམ་གྱི་སྙིང་པོ་དྲིན་ཅན་རྩ་བའི་བླ་མ་དམ་པ་སྐྱབས་གནས་ཀུན་འདུས་ཀྱི་ངོ་བོར་ཐག་བཅད་དེ་སྒོམ་པ་དང་། དེ་ལ་མཆོད་པ་ཕུལ་ཏེ་གསོལ་བ་འདེབས་པ་དང་། དབང་བཞི་ལེན་པ་སོགས་བླ་མའི་རྣལ་འབྱོར་ལས་ལྷག་པ་མེད་པའི་ཚུལ་རྒྱུད་སྡེ་ཀུན་ལས་གསུངས་ཤིང་། ཆོས་རྗེ་འཇམ་མགོན་ས་པཎ་གྱིས་ཀྱང་། མཆོད་པ་ཐམས་ཅད་སྤང་ནས་ནི། །བླ་མ་མཆོད་པ་བྱའོ་ཞེས། །སངས་རྒྱས་ཀུན་གྱིས་མཐུན་པར་གསུངས། །ཞེས་སོགས་གསུངས་པ་ལྟར་བླ་མ་མཆོད་པ་ལ་བརྩོན་པར་བྱ་དགོས། དེ་ལྟར་བླ་མ་མཆོད་པ་ལ། སྦྱོར་བ། དངོས་གཞི། རྗེས་གསུམ་ལས། དང་པོ་ལ་ཆོ་གར་མ་གཏོགས་པའི་སྦྱོར་བ་དང་། ཆོ་གར་གཏོགས་པའི་སྦྱོར་བ་གཉིས་སོ། །དང་པོ་ནི། གང་དུ་བྱ་བའི་གནས་ཁང་གཙང་ཞིང་ཡིད་དུ་འོང་བར་རང་གི་རྩ་བའི་བླ་མ་བརྒྱུད་པར་བཅས་པའི་སྐུ་བརྙན་བྲིས་འབུར་གང་ཡོད་རྟེན་དུ་བཞུགས་པའི་མདུན་དུ་སྣ་ལྔའི་མཆོད་པ་སོགས་འབྱོར་བའི་བྱེ་བྲག་དང་བསྟུན་མཆོད་ཚོགས་རྒྱ་ཆེར་ཕྱག་ལེན་ལྟར་བཤམས། གཉིས་པ་ནི། དཔལ་ཀྱེ་རྡོ་རྗེའི་དཀྱིལ་འཁོར་དུ་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པའི་རྣལ་འབྱོར་པས། བདེ་བའི་སྟན་ལ་བསམ་གཏན་གྱི་སྤྱོད་ལམ་གྱིས་འདུག་ནས། མཆོད་པ་བྱིན་བརླབ། ཨོཾ་བཛྲ་ཨ་མྲྀ་ཏ་ཀུཎྜ་ལི་ཧ་ན་ཧ་ན་ཧཱུྃ་ཧཱུྃ་ཧཱུྃ་ཕཊ། ཨོཾ་སྭ་བྷཱ་ཝ་ཤུདྡྷཿསརྦ་དྷརྨཱཿསྭ་བྷཱ་ཧ་ཤུདྡྷོ྅ཧཾ། ཐ་མལ་གྱི་སྣང་བ་ཐམས་ཅད་མི་དམིགས་ཏེ་སྟོང་པར་གྱུར། སྟོང་པའི་ངང་ལས་རྡོ་རྗེའི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་ནང་དུ་རྒྱ་མཚོ་ཆེན་པོ་དྭངས་ཤིང་རྙོག་པ་མེད་པ་མརྒད་ཞུ་བ་ལྟ་བུའི་སྟེང་ཕྱོགས་མཚམས་བརྒྱད་དུ་གླིང་བཞི་གླིང་ཕྲན་དང་བཅས་པའི་དབུས་སུ་རིན་པོ་ཆེ་སྣ་བཞི་ལས་གྲུབ་པའི་རི་རབ་ལྷུན་པོ་མཛེས་ཤིང་བརྗིད་ཆགས་པའི་སྟེང་དུ། རིན་པོ་ཆེ་སྣ་ཚོགས་ལས་གྲུབ་པའི་གཞལ་མེད་ཁང་ཆེན་པོ་གྲུ་བཞི་སྒོ་བཞི་རྟ་བབས་དང་བཅས་པའི་སྟེང་དང་ཁོར་ཡུག་ཀུན་ཏུ་རིན་པོ་ཆེ་དང་། མེ་ཏོག་དང་། ལྷའི་གོས་བཟང་སྣ་ཚོགས་ལས་བྱས་པའི་བླ་རེ་དང་། འཕན་གདུགས་དང་། རྒྱལ་མཚན་དང་། བ་དན་ལ་སོགས་པས་བརྒྱན་པའི་གཞལ་ཡས་ཁང་གི་དབུས་སུ་སེང་གེ་ཆེན་པོ་བརྒྱད་ཀྱིས་བཏེགས་པའི་རིན་པོ་ཆེ་གསེར་གྱི་ཁྲི་སྣ་ཚོགས་པདྨ་དང་ཉི་ཟླའི་གདན་བཤམས་པ། ཕྱི་ནང་མཐའ་བསྐོར་ཀུན་ཏུ་སྥཾ་ཡིག་རྙིང་ལས་འདི་བཞིན་འབྱུང་ངོ་། ལས་འབྱུང་བའི་རིན་པོ་ཆེ་ཤེལ་གྱི་སྣོད་དང་། ཨ་ལས་བྱུང་བའི་ཐོད་པ་དཀར་པོ་ཡངས་ཤིང་རྒྱ་ཆེ་བ་རྣམས་ཀྱི་ནང་དུ་ཧཱུྃ་ལས་བྱུང་བའི་ཟག་པ་མེད་པའི་བདེ་བ་ཆེན་པོ་སྐྱེད་པར་བྱེད་པའི་ལྷ་རྫས་ཀྱི་མཆོད་ཡོན། མེ་ཏོག བདུག་སྤོས། སྣང་གསལ། དྲི་མཆོག ཞལ་ཟས། རོལ་མོ་ལ་སོགས་པ་དང་། གཞན་ཡང་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་དངོས་པོ་བཟང་ཞིང་ཡིད་དུ་འོང་བ་དངོས་སུ་འབྱོར་བ་དང་། ཡིད་ཀྱིས་སྤྲུལ་པ་བསམ་གྱིས་མི་ཁྱབ་པ། ཡུལ་ནམ་མཁའི་ཁམས་ཐམས་ཅད་ཁྱབ་པ། དུས་འཁོར་བ་ཇི་སྲིད་མ་སྟོང་གི་བར་དུ་བླ་མ་རྡོ་རྗེ་སློབ་དཔོན་འཁོར་དང་བཅས་པའི་སྤྱན་ལམ་དུ་འབྱུང་ཞིང་རྒྱས་པར་གྱུར་ཅིག ཨོཾ་སརྦ་བིཏ་པཱུ་ར་པཱུ་ར། སུ་ར་སུ་ར། ཨཱ་ཝརྟ་ཡ་ཨཱ་ཝརྟ་ཡ་ཧོ། ཨོཾ་ན་མོ་བྷ་ག་ཝ་ཏེ་བཛྲ་སཱ་ར་པྲ་མརྡ་ནི། ཏ་ཐཱ་ག་ཏཱ་ཡ། ཨརྷ་ཏེ་སམྱཀྶཾ་བུདྡྷ་ཡ། ཏདྱ་ཐཱ། ཨོཾ་བཛྲེ་བཛྲེ། མཧཱ་བཛྲེ། མཧཱ་ཏེ་ཛོ་བཛྲེ། མཧཱ་བིདྱཱ་བཛྲེ། མཧཱ་བོ་དྡྷི་ཙིཏྟ་བཛྲེ། མཧཱ་བོ་དྷི་མཎྜོ་པ་སཾ་ཀྲ་མ་ན་བཛྲེ། སརྦ་ཀརྨ་ཨཱ་ཝ་ར་ཎ་བི་ཤོ་དྷ་ན་བཛྲེ་སྭཱ་ཧཱ། ཨོཾ་བཛྲ་དྷརྨཱ་ར་ཎི་ཏ། པྲ་ར་ཎི་ཏ། སཾ་པྲ་ར་ཎི་ཏ། སརྦ་བུདྡྷ་ཀྵེ་ཏྲ། པྲ་ཙཱ་ལི་ནི། པྲ་ཛྙཱ་པཱ་ར་མི་ཏཱ། ནཱ་ད་སྭ་བྷཱ་ཝེ་བཛྲ་དྷརྨཱ་ཧྲྀ་ཏ་ཡ་སནྟོ་ཥ་ནི་ཧཱུྃ་ཧཱུྃ་ཧཱུྃ་ཧོ་ཧོ་ཧོ་ཨ་ཁཾ་སྭཱ་ཧཱ། ཞེས་བརྗོད། སྐྱབས་སུ་འགྲོ་ཞིང་སེམས་བསྐྱེད་པ་ནི། མ་ནམ་མཁའ་དང་མཉམ་པའི་སེམས་ཅན་ཐམས་ཅད་བླ་མ་མཁའ་ཁྱབ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་བདེ་ཆེན་ལོངས་སྤྱོད་རྫོགས་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་སྣ་ཚོགས་སྤྲུལ་པའི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་ཀུན་ཁྱབ་ངོ་བོ་ཉིད་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །སྐུ་བཞི་དབྱེར་མེད་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ཡེ་ཤེས་ལྔ་ལྡན་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །བདེ་སྟོང་ཟུང་འཇུག་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །དམ་ཆོས་ཀུན་འབྱུང་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །དགེ་འདུན་མངའ་བདག་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །བསྟན་སྲུང་ཀུན་འདུས་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །ནོར་ལྷའི་གཙོ་བོ་བླ་མ་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །བླ་མ་སངས་རྒྱས་རིན་པོ་ཆེ་ལ་སྐྱབས་སུ་མཆིའོ། །སངས་རྒྱས་ཆོས་དང་དགེ་འདུན་གསུམ་ལ་སྐྱབས་སུ་མཆིའོ། །བླ་མ་ཡི་དམ་མཁའ་འགྲོའི་ཚོགས་ལ་སྐྱབས་སུ་མཆིའོ། །རང་སེམས་སྟོང་གསལ་ཆོས་ཀྱི་སྐུ་ལ་སྐྱབས་སུ་མཆིའོ། །བླ་མ་རིན་པོ་ཆེ་དང་དཀོན་མཆོག་རིན་པོ་ཆེ་རྣམ་པ་གསུམ་ལ་བདག་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །ཁྱེད་རྣམས་ཀྱིས་བདག་གི་རྒྱུད་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་བློ་ཆོས་སུ་འགྲོ་བར་བྱིན་གྱིས་བརླབ་ཏུ་གསོལ། ཆོས་ལམ་དུ་ལོངས་པར་བྱིན་གྱིས་བརླབ་ཏུ་གསོལ། ལམ་གྱི་འཁྲུལ་པ་སེལ་བར་བྱིན་གྱིས་བརླབ་ཏུ་གསོལ། འཁྲུལ་སྣང་ཡེ་ཤེས་སུ་འཆར་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་བློ་ལ་ཆོས་མ་ཡིན་པའི་རྣམ་པར་རྟོག་པ་སྐད་ཅིག་ཀྱང་མི་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སེམས་ཅན་ཐམས་ཅད་བདེ་བ་དང་བདེ་བའི་རྒྱུ་དང་ལྡན་པར་གྱུར་ཅིག སྡུག་བསྔལ་དང་སྡུག་བསྔལ་གྱི་རྒྱུ་དང་བྲལ་བར་གྱུར་ཅིག སྡུག་བསྔལ་མེད་པའི་བདེ་བ་དང་མི་འབྲལ་བར་གྱུར་ཅིག ཉེ་རིང་ཆགས་སྡང་དང་བྲལ་བའི་བཏང་སྙོམས་ལ་གནས་པར་གྱུར་ཅིག སེམས་ཅན་ཐམས་ཅད་ཀྱི་དོན་དུ་རྫོགས་པའི་སངས་རྒྱས་ཀྱི་གོ་འཕང་ཐོབ་པར་བྱ། དེའི་ཆེད་དུ་ལམ་ཟབ་མོ་བླ་མའི་རྣལ་འབྱོར་ཉམས་སུ་བླང་བར་བགྱིའོ། །གཉིས་པ་དངོས་གཞི་ལ། མདུན་དུ་རྟེན་བསམ་པ། དེ་ལ་མཆོད་པ་འབུལ་བ། དབང་དང་དངོས་གྲུབ་བླང་བ། དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་དང་བཞི་ལས། དང་པོ་ནི། སྔར་གྱི་གཞལ་མེད་ཁང་ཆེན་པོའི་དབུས་ཀྱི་གདན་གྱི་སྟེང་དུ། རྩ་བའི་བླ་མ་དབང་བཞི་ཡོངས་སུ་རྫོགས་པར་ཐོབ་པའི་རྡོ་རྗེ་སློབ་དཔོན་མཉམ་པ་མེད་པའི་བཀའ་དྲིན་ཅན། སྐུ་བཞི་ཡེ་ཤེས་ལྔའི་བདག་ཉིད། དང་པོའི་སངས་རྒྱས་རིགས་དྲུག་པ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོ། ཆོས་ཀྱི་དབྱིངས་དེ་བཞིན་ཉིད་ལས་མི་འགྱུར་བས་སྐུ་མདོག་སྔོན་པོ། དེ་ཁོ་ན་ཉིད་རོ་གཅིག་པར་རྟོགས་པས་ཞལ་གཅིག་པ། བདེན་པ་གཉིས་ཟུང་དུ་འཇུག་པས་ཕྱག་གཉིས་པ། ཕྱག་གཡས་པས་ཡེ་ཤེས་ལྔའི་རང་བཞིན་གསེར་གྱི་རྡོ་རྗེ་རྩེ་ལྔ་པ། གཡོན་པས་སྟོང་པ་ཉིད་ཀྱི་སྒྲ་སྒྲོགས་པའི་དངུལ་དཀར་གྱི་དྲིལ་བུ་ཐུགས་ཁར་བསྣོལ་ནས་བཟུང་བ། འཁོར་བ་དང་མྱ་ངན་ལས་འདས་པའི་མཐའ་གནོན་པས་ཞབས་གཉིས་རྡོ་རྗེའི་སྐྱིལ་མོ་ཀྲུང་གིས་བཞུགས་ཤིང་། སྐུ་མཛེས་པའི་དཔལ་དང་གཟི་བརྗིད་འབར་བ། མཚན་བཟང་པོ་སུམ་ཅུ་རྩ་གཉིས་དང་། དཔེ་བྱད་བཟང་པོ་བརྒྱད་ཅུས་སྤྲས་པ། གསུང་དབྱངས་ཡན་ལག་དྲུག་ཅུ་དང་ལྡན་པས་ཟབ་མོ་རྣམ་པར་ངེས་པའི་ཆོས་ཀྱི་སྒྲ་སྒྲོགས་པ། ཐུགས་བདེ་སྟོང་དབྱེར་མེད་པའི་ཏིང་ངེ་འཛིན་གྱི་སྒོ་དུ་མ་ལ་མཉམ་པར་འཇོག་བཞིན་པ། བདག་ལ་དགེས་པའི་འཛུམ་མདངས་ཅན། ལྷ་རྫས་ཀྱི་ན་བཟའ་སྣ་ཚོགས་པ་དང་། རིན་པོ་ཆེའི་རྒྱན་འོད་ཟེར་ཀུན་ཏུ་འཕྲོ་བས་རྣམ་པར་བརྒྱན་པ། མཐོང་ཐོས་དྲན་རེག་ཙམ་གྱིས་བླ་ན་མེད་པའི་ཡེ་ཤེས་ཀྱི་མཆོག་སྩོལ་བར་མཛད་པ། དེའི་དཔྲལ་བར་ཟླ་བའི་སྟེང་དུ་སངས་རྒྱས་ཐམས་ཅད་ཀྱི་སྐུ་རྡོ་རྗེའི་རང་བཞིན་ཨོཾ་དཀར་པོ། མགྲིན་པར་པདྨའི་སྟེང་དུ་སངས་རྒྱས་ཐམས་ཅད་ཀྱི་གསུང་རྡོ་རྗེའི་རང་བཞིན་ཨཱཿདམར་པོ། ཐུགས་ཁར་ཉི་མའི་སྟེང་དུ་སངས་རྒྱས་ཐམས་ཅད་ཀྱི་ཐུགས་རྡོ་རྗེའི་རང་བཞིན་ཧཱུྃ་སྔོན་པོ། གཞན་ཡང་སྐུ་དགེ་འདུན། གསུང་དམ་ཆོས། ཐུགས་སངས་རྒྱས་ཐམས་ཅད་ཀྱི་རང་བཞིན། ཕུང་པོ་ལྔ་ཆོས་ཉིད་དང་བཅས་པ་རྒྱལ་བ་རིགས་དྲུག འབྱུང་བ་ལྔ་ཡུམ་ལྔ་ཚིགས་དང་རྩ་རྒྱུས་དབང་པོ་དྲུག་བྱང་ཆུབ་སེམས་དཔའ་བརྒྱད། ཚིགས་ཆེན་བཅུ་ཁྲོ་བོ་དང་ཁྲོ་མོ། ཡུལ་འདོད་པའི་ཡོན་ཏན་ལྔ་མཆོད་པའི་ལྷ་མོའི་ངོ་བོ། དེའི་མཐའ་བསྐོར་དུ་རྣལ་འབྱོར་གྱི་དབང་ཕྱུག་བིརྺ་པ་དང་། རྗེ་བཙུན་ས་སྐྱ་པ་ཡབ་སྲས་ལ་སོགས་པ་བརྒྱུད་པའི་བླ་མ་རྣམས་དང་། ཡི་དམ་རྒྱུད་སྡེ་བཞིའི་ལྷ་ཚོགས། ཕྱོགས་བཅུའི་སངས་རྒྱས་བྱང་སེམས། འཕགས་པ་རང་སངས་རྒྱས། ཉན་ཐོས། མཁའ་འགྲོ་ཆོས་སྐྱོང་། གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་ཐམས་ཅད་ཀྱིས་ཡོངས་སུ་བསྐོར་ཞིང་དགེས་པར་བཞུགས་པར་གྱུར། གཉིས་པ་དེ་ལ་མཆོད་པ་འབུལ་བ་ལ། གསོལ་བ་བཏབ་པ་དང་། མཆོད་པ་འབུལ་བ་གཉིས་སོ། །དང་པོ་ནི། འདྲེན་མཆོག་བླ་མ་ཀུན་གྱི་ངོ་བོ་ཉིད། །གྲུབ་སྩོལ་ཡི་དམ་ཐམས་ཅད་འདུས་པའི་སྐུ། །སྐྱབས་གནས་དཀོན་མཆོག་གསུམ་གྱི་རྩ་བ་སྟེ། །བསྟན་སྲུང་རྣམས་ཀྱི་མངའ་བདག་བླ་མ་ལ། །སྒོ་གསུམ་དྭང་བས་ཀུན་ནས་མགོས་ཕྱག་འཚལ། །ཐུགས་རྗེའི་བདག་ཉིད་བརྒྱུད་པའི་བླ་མ་དང་། །དངོས་གྲུབ་ཀུན་སྩོལ་ཡི་དམ་ལྷ་ཡི་ཚོགས། །ནུས་པ་ཕུལ་བྱུང་ཆོས་སྐྱོང་སྲུང་མ་ལ། །རྣམ་དག་བློ་ཡི་ཀུན་ནས་ཕྱག་འཚལ་ལོ། །དངོས་འབྱོར་ཡིད་སྤྲུལ་བདག་པོས་མ་བཟུང་དང་། །བདག་ལུས་དུས་གསུམ་དགེ་བའི་ཚོགས་དང་བཅས། །ཕྱི་དང་ནང་དང་གསང་བ་དེ་ཁོ་ནའི། །མཆོད་སྤྲིན་རྒྱ་མཚོ་ཀུན་ཏུ་བཟང་པོ་ཡི། །རྣམ་འཕྲུལ་ཇི་བཞིན་ཀུན་ནས་ལེགས་བཀོད་དེ། །རབ་འབྱམས་རྒྱ་མཚོའི་ཞིང་རྣམས་མ་ལུས་པ། །ལེགས་པར་བཀང་སྟེ་སྒོ་གསུམ་དྭང་བས་འབུལ། །བགྱིས་དང་བགྱིད་སྩལ་བགྱི་ལ་ཡི་རང་བའི། །ཐོག་མེད་འཁོར་བར་བསགས་པའི་སྡིག་པ་དང་། །འགྲོ་བ་ཀུན་གྱིས་བསགས་པའི་སྡིག་པ་རྣམས། །ལྷན་ཅིག་རབ་གནོང་སྡོམ་པའི་སེམས་ཀྱིས་བཤགས། །ཀུན་གྱི་དགེ་ལ་རྗེས་སུ་ཡི་རངས་ཤིང་། །རྟག་པར་ཆོས་ཀྱི་འཁོར་ལོ་བསྐོར་བར་བསྐུལ། །མྱ་ངན་མི་འདའ་བཞུགས་པར་གསོལ་བ་འདེབས། །དགེ་རྣམས་བླ་མེད་བྱང་ཆུབ་ཆེན་པོར་བསྔོ། །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །སྲིད་དང་ཞི་བའི་རྒུད་པ་ཐམས་ཅད་ལས། །ཉེ་བར་སྐྱོབ་པའི་སྐྱབས་གནས་མཆོག་ཉིད་དུ། །དཔལ་ལྡན་བླ་མ་ཁྱེད་ལ་གསོལ་འདེབས་ཀྱིས། །སྲིད་པའི་སྡུག་བསྔལ་ཀུན་ལས་བསྐྱབ་ཏུ་གསོལ། །མྱང་འདས་སྐམ་པའི་གནས་ལ་འདྲེན་དུ་གསོལ། །འདོད་དགུའི་རིན་ཆེན་མ་ལུས་སྩལ་དུ་གསོལ། །དངོས་གྲུབ་རྣམ་གཉིས་ཐོབ་པར་བྱིན་གྱིས་རློབས། །འདིར་རྒྱུན་གྱི་ཕྱག་ལེན་ལ་རྣམ་དག་མ་རྒྱས་པ་གསུང་སྲོལ་ཡོད་ཀྱང་ལམ་འབྲས་ཀྱི་བརྒྱུད་པ་བསྟར་ཆགས་སུ་འགྲོ་བ་དང་ངག་འདོན་ཟོར་ཡང་བ་སོགས་ཀྱི་ཆེད་དཔལ་མཆོག་མ་འདི་བཞིན་བཞག་པ་ཡིན། དཔལ་མཆོག་དང་པོའི་ཁྱབ་བདག་རྡོ་རྗེ་འཆང་། །ཤེས་རབ་སྒྱུ་མའི་གར་མཛད་བདག་མེད་མ། །བདེ་སྟོང་ཟུང་འཇུག་མངོན་གྱུར་བིརྺ་པ། །བརྟུལ་ཞུགས་སྤྱོད་པ་མཐར་ཕྱིན་ནག་པོ་པ། །ཟབ་མོའི་དེ་ཉིད་ལེགས་གཟིགས་ཌཱ་མ་རུ། །གཞོན་ནུའི་ཚུལ་འཛིན་ཨ་ཝ་དྷཱུ་ཏཱི་པ། །འོད་ཀྱི་མཁའ་སྤྱོད་གནས་གཤེགས་རཏྣ་ཤྲཱི། །སྐད་གཉིས་སྨྲ་བའི་དབང་པོ་རྗེ་བཙུན་འབྲོག །ངེས་དོན་གདམས་པའི་མཛོད་འཛིན་ཀུན་རིག་ཞབས། །མངོན་ཤེས་རྫུ་འཕྲུལ་ཞབས་ལྡན་དགོན་པ་བ། །མཐའ་ཡས་ཐུགས་རྗེའི་ཆུ་གཏེར་ས་སྐྱ་པ། །མཁྱེན་བཟང་ལོ་འདབ་རྒྱས་པའི་བསོད་ནམས་རྩེ། །མཐུ་སྟོབས་འབྲས་བུའི་ཁུར་ལྡན་གྲགས་པའི་མཚན། །ས་གསུམ་ཉིན་མོར་བྱེད་པའི་པཎྜི་ཏ། །གྲགས་པའི་འོད་དཀར་རྣམ་གསལ་འཕགས་པའི་མཚན། །རིམ་གཉིས་ནོར་བུའི་ཕྲེང་འཛིན་དཀོན་མཆོག་དཔལ། །ཉམས་རྟོགས་ལང་ཚོ་རྒྱས་པའི་བྲག་ཕུག་པ། །སྡོམ་བརྩོན་དམ་པ་བསོད་ནམས་རྒྱལ་མཚན་དཔལ། །དེས་གསུང་གདམས་པའི་རྒྱ་མཚོ་དཔལ་ལྡན་པ། །རྩེ་མོའི་ཡོན་ཏན་མཐར་ཕྱིན་བུདྡྷ་ཤྲཱི། །རྒྱལ་བ་གཉིས་པ་ཀུན་དགའ་བཟང་པོའི་ཞབས། །བྱང་ཆུབ་ཐུགས་འབྱོངས་དཀོན་མཆོག་རྒྱལ་མཚན་དཔལ། །ཉམས་རྟོགས་མཐར་ཕྱིན་ཀུན་དགའ་དབང་ཕྱུག་ཞབས། །ཤེས་བྱ་ཀུན་མཁྱེན་བསོད་ནམས་སེང་གེའི་མཚན། །དཀོན་མཆོག་གསུམ་དང་དབྱེར་མེད་ཆོས་ཀྱི་རྗེ། །གྲུབ་པའི་བྱིན་རླབས་སངས་རྒྱས་རིན་ཆེན་དཔལ། །འཇམ་པའི་དབྱངས་ཀྱི་རིགས་འཁྲུངས་ཀུན་དགའི་མཚན། །མཁྱེན་རབ་ཕུལ་ཕྱིན་དཀོན་མཆོག་ལྷུན་གྲུབ་ཞབས། །མཐུ་སྟོབས་དབང་ཕྱུག་ཀུན་དགའ་རིན་ཆེན་དང་། །གདམས་པའི་མངའ་བདག་དཀོན་མཆོག་རྒྱ་མཚོའི་མཚན། །འཇམ་པའི་རྡོ་རྗེ་བསོད་ནམས་དབང་པོའི་ཞབས། །ཐུགས་རྗེའི་བདག་ཉིད་གྲགས་པ་བློ་གྲོས་དང་། །མཁས་ཤིང་གྲུབ་བརྙེས་སངས་རྒྱས་རྒྱལ་མཚན་མཆོག །ཐམས་ཅད་མཁྱེན་པ་ཀུན་དགའ་བསོད་ནམས་མཚན། །དེ་སྲས་ངག་དབང་བསོད་ནམས་དབང་ཕྱུག་དང་། །རྡོ་རྗེ་འཆང་དངོས་ཀུན་དགའ་བཀྲ་ཤིས་ཞབས། །སྐུ་བཞིའི་བདག་ཉིད་བསོད་ནམས་རིན་ཆེན་དང་། །གདོད་མའི་མགོན་པོ་ཀུན་དགའ་བློ་གྲོས་ཞབས། །སྐྱེ་དགུའི་གཙུག་རྒྱན་དབང་སྡུད་སྙིང་པོའི་མཚན། །གནས་ལྔ་རིག་པ་ཀུན་དགའ་བཀྲ་ཤིས་དང་། །གྲུབ་པའི་དབང་ཕྱུག་པདྨ་བདུད་འདུལ་དབང་། །སྙན་བརྒྱུད་མངའ་བདག་ཀུན་དགའ་རྒྱལ་མཚན་དང་། །ཐེག་ཆེན་དབང་སྡུད་བཀྲ་ཤིས་རིན་ཆེན་མཚན། །རིགས་ཀུན་ཁྱབ་བདག་ཀུན་དགའ་སྙིང་པོ་དང་། །རྒྱལ་ཀུན་འདུས་ཞལ་ཀརྨ་རཏྣའི་ཞབས། །རིགས་རྒྱའི་ཁྱབ་བདག་འཁོར་ལོའི་མགོན་པོ་སོགས། །རྩ་བརྒྱུད་བླ་མ་རྣམས་ལ་གསོལ་བ་འདེབས། །གསོལ་བ་འདེབས་སོ་སྐུ་བཞིའི་བདག་ཉིད་རྣམས། །བླ་མ་རྒྱངས་ནས་འབོད་དོ་ཐུགས་རྗེས་གཟིགས། །བྱིན་གྱིས་རློབས་ཤིག་གཡེལ་མེད་རྟག་ཏུ་དགོངས། །འདི་དང་ཕྱི་མ་བར་དོའི་གནས་སྐབས་སུ། །ཁྱེད་ལས་སྐྱབས་གཞན་མེད་དོ་ཐུགས་རྗེས་གཟུང་། །ཁ་ཙམ་མིན་པར་སྙིང་ནས་སྐྱབས་སུ་མཆི། །བདག་རྒྱུད་སྨིན་ཅིང་གྲོལ་བར་བྱིན་གྱིས་རློབས། །བདག་གི་ལུས་སྲོག་ལོངས་སྤྱོད་དུས་གསུམ་དུ། །ཉེ་བར་བསགས་པའི་དགེ་རྩ་ཅི་མཆིས་པ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཇི་ལྟ་བར། །མཆོད་སྤྲིན་རྒྱ་མཚོར་སྤྲུལ་ནས་རྟག་ཏུ་མཆོད། །ཐོག་མེད་འཁོར་བར་ལས་ཉོན་གྱིས་བསགས་པའི། །མི་དགེའི་ལས་བགྱིས་དེ་ལ་ཡི་རངས་དང་། །བགྱིད་དུ་སྩལ་ཞིང་ཁྱད་པར་ཚེ་འདིར་ཡང་། །དུག་གསུམ་དབང་གི་ལས་སྒྲིབ་ཅི་བསགས་པ། །འགྱོད་སེམས་དྲག་པོས་ཀུན་ཏུ་བཤགས་པར་བགྱི། །ཕྱིན་ཆད་སྲོག་ལ་བབས་ཀྱང་སྡིག་པའི་ལས། །ཤེས་བཞིན་ཁྱད་གསོད་མ་གུས་བག་མེད་ཀྱིས། །ནམ་ཡང་མི་བགྱིད་རྣམ་པ་ཀུན་ཏུ་སྡོམ། །བདག་ཀྱང་འདི་ནས་བྱང་ཆུབ་མ་ཐོབ་བར། །རྗེ་བཙུན་བླ་མ་རྣམས་ཀྱི་བྲན་གྱུར་ནས། །ལུས་སྲོག་ལོངས་སྤྱོད་ཀུན་གྱིས་མཉེས་བགྱིད་ཅིང་། །རྟག་ཏུ་འབྲལ་མེད་ཐུགས་ཀྱིས་དགོངས་པར་ཤོག །དེང་ནས་བཟུང་སྟེ་ཚེ་རབས་ཐམས་ཅད་དུ། །ཚུལ་ཁྲིམས་ལྡན་ཞིང་དམ་ཆོས་སྤྱོད་པ་དང་། །ལོག་འཚོ་སྤངས་ཏེ་སྒྲུབ་པ་ལྷུར་ལེན་ཅིང་། །རང་གཞན་དོན་གཉིས་འབྱོར་བར་བྱིན་གྱིས་རློབས། །བླ་མ་རྣམས་ཀྱི་ཐུགས་རྗེའི་བྱིན་རླབས་དང་། །བདག་གི་དད་པའི་ཤུགས་དང་ཆོས་ཀྱི་དབྱིངས། །བདེན་པའི་སྟོབས་ཀྱིས་མ་གྱུར་འགྲོ་བ་ཀུན། །རྣམ་གྲོལ་རྡོ་རྗེ་འཛིན་པའི་ས་ཐོབ་ཤོག།  ༈ །བཀྲ་ཤིས་ཡོན་ཏན་མ་ལུས་འབྱུང་བའི་གནས། །བཀྲ་ཤིས་སེམས་དཔའ་ཆེན་པོ་འཇམ་པའི་དབྱངས། །བཀྲ་ཤིས་འོད་གསལ་འཆི་མེད་ལས་སྤྲུལ་པའི། །བཀྲ་ཤིས་ལྷ་བབས་གདུང་བརྒྱུད་ཞབས་བརྟན་ཤོག །དཔལ་འབར་རྒྱལ་བའི་བྱིན་རླབས་འོད་པོ་ཆེ། །དཔལ་འབར་ནུས་མཐུའི་སྣང་བས་འཇིག་རྟེན་མགོན། །དཔལ་འབར་མ་རིག་མུན་ལས་རྒྱལ་མཛད་པའ།ི །དཔལ་འབར་འཁོན་གྱི་གདུང་བརྒྱུད་ཞབས་བརྟན་ཤོག །འཛམ་གླིང་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ཞེས། །འཛམ་གླིང་མཁས་གྲུབ་ཡོངས་ཀྱིས་ཆེར་བསྔགས་པའི། །འཛམ་གླིང་བསྟན་པའི་བདག་པོ་ས་སྐྱའི་གདུང་། །འཛམ་གླིང་གདུལ་བྱའི་མགོན་དུ་ཞབས་བརྟན་ཤོག །ཐུབ་བསྟན་མཛེས་རྒྱན་བསྟན་འཛིན་དུ་མ་ལས། །རྒྱན་དྲུག་མཆོག་སོགས་སྐྱེས་ཆེན་དུ་མ་ཞིག །སྙིགས་དུས་བསྟན་འགྲོའི་རྒྱན་དུ་འཁོན་གདུང་བཞེས། །རྒྱལ་བས་རྒྱན་དུ་བསྔགས་ཁྱོད་ཞབས་བརྟན་ཤོག །མཁས་གྲུབ་ཇི་སྙེད་རིམ་བྱོན་ས་སྐྱའི་གདུང་། །ཆད་མེད་མྱུར་དུ་བྱོན་ནས་སྐྱེ་དགུ་ལ། །སྲིད་ཞིའི་དཔལ་འབྱོར་རྒྱ་མཚོ་ལེགས་བྱོན་ནས། །ཐེག་མཆོག་ཡིད་བཞིན་ནོར་བུ་དེང་འདིར་བྱོན།།  །།དཀོན་མཆོག་རིན་ཆེན་གསུམ་གྱི་བྱིན་རླབས་དང་། །དཀར་ཕྱོགས་དགའ་བའི་མཐུ་དང་ནུས་པ་ཡིས། །རྒྱལ་བའི་བསྟན་འཛིན་འཇམ་དབྱངས་ཡབ་སྲས་རྣམས། །སྐུ་ཚེ་རིང་ཞིང་འཕྲིན་ལས་རྒྱས་གྱུར་ཅིག །བླ་མ་སྐུ་ཁམས་བཟང་ལ་གསོལ་བ་འདེབས། །མཆོག་ཏུ་སྐུ་ཚེ་རིང་ལ་གསོལ་བ་འདེབས། །ཕྲིན་ལས་དར་ཞིང་རྒྱས་ལ་གསོལ་བ་འདེབས། །བླ་མ་འབྲལ་བ་མེད་པར་བྱིན་གྱིས་རློབས། །སྐུ་བསོད་རི་བོ་བཞིན་དུ་བརྟན་པ་དང་། །བསྟན་འཛིན་ཉི་ཟླ་བཞིན་དུ་གསལ་བ་དང་། །སྙན་གྲགས་ནམ་མཁའ་ལྟ་བུར་ཁྱབ་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །གཉིས་པ་ལ་ཕྱི་ནང་གསང་བའི་མཆོད་པའོ། །དང་པོ་ལ། བདག་པོས་མ་བཟུང་བའི་མཆོད་པ། མཆོད་ཡོན་མེ་ཏོག་སོགས་ཐུན་མོང་གི་མཆོད་པ། གཟུགས་སོགས་འདོད་ཡོན་གྱི་མཆོད་པ་འབུལ་བའོ། །དང་པོ་ནི། ཕྱོགས་བཅུ་ནམ་མཁའི་མཐའ་ཀླས་འཇིག་རྟེན་ན། །བདག་པོས་མ་བཟུང་སྨན་ལྗོངས་ཉམས་དགའ་བར། །མེ་ཏོག་འབྲས་བུས་སྤུད་པའི་དཔག་བསམ་ཤིང་། །དྲི་བཟང་ལོ་འདབ་རྒྱས་པའི་སྨན་རྣམས་དང་། །གཙང་ཞིང་ཡིད་འོང་འབབ་ཆུ་ལྷུང་ལྷུང་སྒྲོགས། །དབང་སྔོན་མརྒད་པདྨ་རཱ་ག་དང་། །ག་བུར་མ་ཎི་ལ་སོགས་རིན་ཆེན་མཆོག །རབ་ཏུ་སྤུངས་པའི་རིན་ཆེན་རི་རབ་དང་། །བསིལ་བའི་ངད་ལྡན་ཁ་བའི་ལྷུན་པོ་མཆོག །མཐོ་ཞིང་ལྷུན་སྟུག་བྲག་རི་ངོས་ཡངས་དང་། །རྩྭ་སྔོན་ལྗོན་ཤིང་བཀྲམ་པའི་ནགས་ཚལ་དང་། །པདྨའི་མཚོ་ལ་ཆུ་བྱ་སྣ་ཚོགས་པ། །མདོག་ལེགས་སྤུ་སྡུག་ཤིན་ཏུ་སྐད་སྙན་ཞིང་། །བུང་བ་གཞོན་ནུའང་གར་སྒྱུར་གླུ་དབྱངས་ལེན། །རི་དྭགས་དུ་མ་དལ་ཞིང་རྩེ་གར་བྱེད། །མ་རྨོས་མ་བཏབ་འབྲུ་སྣ་ཅི་ཡང་སྐྱེ། །གཞན་ཡང་མཛེས་ཤིང་ཡིད་ཆགས་དངོས་པོའི་ཚོགས། །མཁོ་ཞིང་ལོངས་སྤྱོད་འོས་པ་ཇི་སྙེད་ཀྱང་། །འཛིན་མེད་བློ་ཡིས་རབ་ཏུ་འབུལ་ལགས་ན། །དགེས་པས་བཞེས་ནས་གནས་ལུགས་རྟོགས་པར་མཛོད། །ཨོཾ་ཤྲཱི་ཝཱན་སང་གུ་རུ་བཛྲ་ཨཱ་ཙཱརྻ་ས་པ་རི་ཝཱ་ར་པྲ་ཏི་ན་ཨ་པ་རི་གྲྀ་ཧཱ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། གཉིས་པ་ཐུན་མོང་གི་མཆོད་པ་ནི། ལྷ་དང་མི་ཡི་བཏུང་བའི་མཆོག་གྱུར་གང་། །མདོག་ལེགས་དྲི་ཞིམ་རོ་བཅུད་བརྒྱ་ལྡན་པ། །ལུས་སེམས་ཚིམ་ཞིང་ཟག་མེད་བདེ་བ་སྐྱེད། །གཙང་ཞིང་ཡིད་འོང་མཆོད་ཡོན་དམ་པ་དང་། །ཁ་དོག་རབ་བཀྲ་དབྱིབས་ལེགས་དྲི་བསུང་ཅན། །ཆུ་དང་ཐང་ལས་སྐྱེས་པའི་པདྨ་དང་། །ཨུཏྤལ་ལ་སོགས་མེ་ཏོག་གདུགས་དང་འཕན། །རྒྱལ་མཚན་དོ་ཤལ་ཕྲེང་བའི་ཁྱད་པར་དང་། །ཨ་ཀ་རུ་དང་ཙན་དན་སི་ཧ་ལ། །རྒྱ་སྤོས་ལ་སོགས་བདུག་སྤོས་ཇི་སྙེད་དང་། །ཉི་ཟླ་ཡིད་བཞིན་ནོར་བུའི་སྣང་གསལ་དང་། །མར་མེའི་ཕྲེང་བ་ཚར་དུ་བསྒྲིགས་པ་དང་། །ག་བུར་གུར་གུམ་ལི་ཤི་ལ་སོགས་པ། །བསིལ་བའི་ངད་ལྡན་བྱུག་པའི་དྲི་ཆབ་མཆོག །ལུས་སྲོག་འཚོ་བའི་དཔལ་དང་བདེ་ཆེན་གྱི། །ཡེ་ཤེས་སྐྱེད་བྱེད་ལྷ་མིའི་ཞལ་ཟས་མཆོག །པི་ཝཾ་གླིང་བུ་པ་ཊ་ཧ་ལ་སོགས། །སྙན་བརྗིད་ཡིད་འཁུལ་རོལ་མོའི་བྱེ་བྲག་དང་། །གཞན་ཡང་ལྷ་མིའི་མཆོད་རྫས་སེང་གེའི་ཁྲི། །བླ་རེ་གདན་དང་རྔ་གཡབ་བ་དན་དང་། །རིན་ཆེན་རྒྱན་ཕྲེང་ཁང་བཟང་དམ་པ་སོགས། །ཡིད་འཕྲོག་མཆོད་པའི་ཚོགས་འདི་འབུལ་ལགས་ན། །བརྩེ་བ་ཆེན་པོས་ཉེ་བར་བཞེས་ནས་ཀྱང་། །མཆོག་དང་ཐུན་མོང་དངོས་གྲུབ་སྩལ་དུ་གསོལ། །ཨོཾ་ཤྲཱི་ཝཱན་སང་གུ་རུ་བཛྲ་ཨཱ་ཙརྻ་ས་པ་རི་ཝཱ་ར་ཨརྒྷཾ་མཱ་དི་ས་དྷ་ར་ཎ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། གསུམ་པ་འདོད་ཡོན་ལྔའི་མཆོད་པ་འབུལ་བ་ནི། ཁ་དོག་མཛེས་ཤིང་དབྱིབས་ལེགས་ལྟ་ན་སྡུག །ལེགས་བྱས་དཔལ་ལས་གྲུབ་པའི་གཟུགས་མཆོག་དང་། །གླུ་དབྱངས་རྔ་བོ་ཆེ་དང་སིལ་སྙན་སོགས། །ཟིན་དང་མ་ཟིན་སྒྲ་སྙན་ཇི་སྙེད་དང་། །དྲི་འཛིན་ཚིམ་བྱེད་མཉམ་དང་མི་མཉམ་དང་། །དྲི་བསུང་མཆོད་པའི་ཁྱད་པར་གང་དག་དང་། །རོ་བརྒྱའི་བཅུད་ལྡན་ལྷ་རྫས་ཞལ་ཟས་སོགས། །ཡིད་འཕྲོག་བཟའ་བཅའ་བཏུང་བའི་ཚོགས་རྣམས་དང་། །དྲོ་འཇམ་ཡང་མཛེས་ཁ་དོག་རྣམ་པར་བཀྲ། །བདེ་བའི་མཆོག་སྐྱེད་རེག་བྱའི་མཆོད་པ་དང་། །གཞན་ཡང་འཁོར་ལོས་བསྒྱུར་བའི་ལོངས་སྤྱོད་མཆོག །རི་རབ་གླིང་བཞི་སུམ་ཅུ་རྩ་གསུམ་བཅས། །ཉི་ཟླ་རིན་ཆེན་བདུན་དང་བཙུན་མོའི་འཁོར། །དཔའ་ཞིང་རྟུལ་ཕོད་སྲས་དང་བློན་པོ་སྟོང་། །ཉེ་བའི་རིན་ཆེན་བདུན་སོགས་འཇིག་རྟེན་ན། །ཆེས་དཀོན་ཡིད་བཞིན་ནོར་བུ་དཔག་བསམ་ཤིང་། །འདོད་དགུ་ཀུན་འབྱུང་བ་མཆོག་བུམ་བཟང་དང་། །མ་བཏབ་ལོ་ཏོག་བཀྲ་ཤིས་དཔལ་བེའུ་སོགས། །ངོ་མཚར་རྟགས་དང་རྫས་ཀྱི་ཆ་བྱད་དང་། །གཞན་ཡང་ནོར་འབྲུ་གོས་དང་སྨན་ལ་སོགས། །བདག་གིར་བཟུང་བའི་ལོངས་སྤྱོད་ཐམས་ཅད་དང་། །དགྲ་གཉེན་བར་མའི་འགྲོ་བ་འདི་དག་ཀུན། །དཔལ་ལྡན་བླ་མ་ཁྱེད་ལ་དབུལ་བར་བགྱི། །སྡང་ཞེན་རྨོངས་པའི་འཛིན་པ་སྦྱང་དུ་གསོལ། །ཨོཾ་ཤྲཱི་ཝཱན་སང་གུ་རུ་བཛྲ་ཨཱ་ཙཱརྻ་ས་པ་རི་ཝཱ་ར་པཉྩ་ཀཱ་མ་གུ་ཎཱ་དི་བཱ་ཧྱ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། ཨོཾ་བཛྲ་བྷཱུ་མི་ཨཱཿཧཱུྃ། གཞི་ཡོངས་སུ་དག་པ་དབང་ཆེན་གསེར་གྱི་ས་གཞི། ཨོཾ་བཛྲ་རེ་ཥེ་ཨཱཿཧཱུྃ། ཕྱིའི་ལྕགས་རི་ཁོར་ཡུག་གིས་བསྐོར་བའི་དབུས་སུ་ཧཱུྃ། རིའི་རྒྱལ་པོ་རི་རབ། ཤར་ལུས་འཕགས་པོ། ལྷོ་འཛམ་བུ་གླིང་། ནུབ་བ་ལང་སྤྱོད། བྱང་སྒྲ་མི་སྙན། ལུས་དང་ལུས་འཕགས། རྔ་ཡབ་དང་རྔ་ཡབ་གཞན། གཡོ་ལྡན་དང་ལམ་མཆོག་འགྲོ། སྒྲ་མི་སྙན་དང་སྒྲ་མི་སྙན་གྱི་ཟླ། རིན་པོ་ཆེའི་རི་བོ། དཔག་བསམ་གྱི་ཤིང་། འདོད་འཇོའི་བ། མ་རྨོས་པའི་ལོ་ཏོག འཁོར་ལོ་རིན་པོ་ཆེ། ནོར་བུ་རིན་པོ་ཆེ། བཙུན་མོ་རིན་པོ་ཆེ། བློན་པོ་རིན་པོ་ཆེ། གླང་པོ་རིན་པོ་ཆེ། རྟ་མཆོག་རིན་པོ་ཆེ། དམག་དཔོན་རིན་པོ་ཆེ། གཏེར་ཆེན་པོའི་བུམ་པ། སྒེག་མོ་མ། ཕྲེང་བ་མ། གླུ་མ། གར་མ། བདུག་སྤོས་མ། མེ་ཏོག་མ། མར་མེ་མ། དྲི་ཆབ་མ། ཉི་མ། ཟླ་བ། རིན་པོ་ཆེའི་གདུགས། ཕྱོགས་ལས་རྣམ་པར་རྒྱལ་བའི་རྒྱལ་མཚན། ལྷ་དང་མིའི་དཔལ་འབྱོར་ཕུན་སུམ་ཚོགས་པ་མ་ཚང་བ་མེད་པ་འདི་ཉིད་དྲིན་ཆེན་རྩ་བ་དང་བརྒྱུད་པར་བཅས་པའི་དཔལ་ལྡན་བླ་མ་དམ་པ་རྣམས་དང་། ཡི་དམ་དཀྱིལ་འཁོར་གྱི་ལྷ་ཚོགས། སངས་རྒྱས་བྱང་ཆུབ་སེམས་དཔའ་དམ་པ་ཆོས་སྐྱོང་བའི་སྲུང་མ་གནོད་སྦྱིན་ནོར་ལྷའི་ཚོགས་དང་བཅས་པ་རྣམས་ལ་དབུལ་བར་བགྱིའོ། །ཐུགས་རྗེས་འགྲོ་བའི་དོན་དུ་བཞེས་སུ་གསོལ། བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། གང་གི་མཆོད་རྫས་ཞིང་ཁམས་རྒྱ་མཚོ་རྒྱ་མཚོའི་རྡུལ་སྙེད་སྣ་ཚོགས་མཆོད་པའི་སྤྲིན་ཕུང་གིས། །རྣམ་པར་བརྒྱན་པའི་རྒྱན་གྱི་འོད་ཟེར་ཕྱོགས་བཅུར་འཕྲོ་བའི་འོད་ཀྱི་རྩེ་མོ་རྒྱ་མཚོ་ཡི། །རྡུལ་གྱི་གྲངས་སྙེད་རིན་ཆེན་པདྨོ་རིན་ཆེན་འོད་འབྱིན་ཀུན་ནས་རྒྱས་པའི་སྙིང་པོ་ལ། །ལྷ་དང་མི་ཡི་འདོད་ཡོན་རྨད་འདི་འདོད་དགུའི་དཔལ་བྱུང་བྱེ་བ་ཕྲག་བརྒྱ་ལ་གནས་པ། །ཀུན་ཏུ་བཟང་པོའི་རྣམ་འཕྲུལ་ཇི་བཞིན་ཀུན་ནས་དགེ་བའི་སེམས་ཀྱིས་སྤྲུལ་པའི་མཆོད་སྤྲིན་འདི། །ཆོས་དབྱིངས་ཇི་བཞིན་ནམ་མཁའི་དབྱིངས་ཀུན་ཀུན་ལ་ཁྱབ་ཅིང་སེམས་ཅན་དབྱིངས་མཐའ་ཇི་སྲིད་བར། །རྣམ་པར་གནས་ནས་ཆོས་ཀྱི་རྒྱལ་པོ་རྒྱལ་བ་རྒྱལ་སྲས་རང་རྒྱལ་དགྲ་ལས་རྣམ་རྒྱལ་བས། །ཀུན་ནས་བསྐོར་བའི་དཀྱིལ་འཁོར་ཀུན་ཏུ་རྣམ་པར་མཆོད་པའི་མཆོད་པ་ཀུན་གྱིས་མཉེས་གྱུར་ཅིག །དེང་ནས་བྱང་ཆུབ་སྙིང་པོའི་བར། །བདག་གི་ལུས་དང་ལོངས་སྤྱོད་དང་། །དུས་གསུམ་དགེ་བའི་དངོས་པོ་རྣམས། །སེམས་ཅན་ཀུན་གྱི་དོན་བགྱིད་ཕྱིར། །གུས་པས་ཁྱེད་ལ་དབུལ་བར་བགྱི། །ཀུན་ནས་གཟིགས་པའི་སྤྱན་ལྡན་པའི། །ཡོན་གནས་དམ་པ་ཁྱེད་རྣམས་ཀྱིས། །བདག་ལ་བརྩེ་བར་ཉེར་དགོངས་ལ། །བདག་གི་འདི་དག་བཞེས་སུ་གསོལ། །བཞེས་ནས་བྱིན་གྱིས་བརླབ་ཏུ་གསོལ། །ཨོཾ་གུ་རུ་བུདྡྷ་བོ་དྷི་སཏྭ་ས་པ་རི་ཝཱ་ར་མཎྜ་ལ་པཱུ་ཛ་མེ་གྷ་ས་མུ་དྲ་སྥ་ར་ཎ་ས་མ་ཡེ་ཧཱུྃ། གཉིས་པ་ནང་བདུད་རྩིའི་མཆོད་པ་ནི། རང་ལུས་ཐ་མལ་ཕུང་པོ་ཉེས་ཀུན་གཞི། །ཡེ་ཤེས་རལ་གྲི་རྣོ་ངར་ལྡན་པ་ཡིས། །ཐོད་པ་བཅད་ནས་སྣོད་དུ་བྱས་པའི་ནང་། །རྐང་པ་ནས་བརྩམས་ཡན་ལག་ལྷུར་ཕྲལ་ཏེ། །དུམ་བུར་བཏུབ་ཅིང་ཐོད་པའི་ནང་བཅུགས་ལ། །རང་སེམས་རླུང་དང་དབྱེར་མེད་ཡི་དམ་ལྷར། །དྲན་ནས་ཨོཾ་ཨཱཿཧཱུྃ་ཧོཿབདུད་རྩི་ཡི། །རྒྱ་མཚོ་ཟད་མི་ཤེས་ཤིང་ཁ་དོག་དང་། །དྲི་རོ་བཅུད་ལྡན་བདེ་ཆེན་སྐྱེད་བྱེད་འདི། །དཔལ་ལྡན་རྩ་བའི་བླ་མའི་ཞལ་དུ་འབུལ། །བརྒྱུད་པའི་བླ་མ་རྣམས་ཀྱི་ཞལ་དུ་འབུལ། །ཡི་དམ་ལྷ་ཚོགས་རྣམས་ཀྱི་ཞལ་དུ་འབུལ། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་ཞལ་དུ་འབུལ། །རྒྱལ་སྲས་བྱང་ཆུབ་སེམས་དཔའི་ཚོགས་ལ་འབུལ། །འཕགས་པ་རང་རྒྱལ་རྣམས་ཀྱི་ཞལ་དུ་འབུལ། །དགྲ་བཅོམ་ཉན་ཐོས་རྣམས་ཀྱི་ཞལ་དུ་འབུལ། །དཔལ་མགོན་ཆོས་སྐྱོང་སྲུང་མའི་ཚོགས་ལ་འབུལ། །གནོད་སྦྱིན་ནོར་ལྷའི་ཞལ་དུ་ཨོཾ་ཨཱཿཧཱུྃ། །དགེས་ཤིང་ཚིམ་ནས་དངོས་གྲུབ་སྩལ་དུ་གསོལ། །ཕ་མ་ལ་སོགས་རིགས་དྲུག་སེམས་ཅན་རྣམས། །ཡི་དམ་ལྷར་གསལ་ཞལ་དུ་ཨོཾ་ཨཱཿཧཱུྃ། །རིགས་དྲུག་སྡུག་བསྔལ་ཀུན་དང་བྲལ་གྱུར་ཅིག །ལན་ཆགས་བུ་ལོན་ཤ་འཁོན་གཉེར་བ་ཡི། །མི་དང་མི་མིན་གནོད་བྱེད་ཚོགས་ལ་འབུལ། །ལན་ཆགས་ཁྱེར་ནས་གནོད་སེམས་ཞི་གྱུར་ཅིག །བདུད་རྩིའི་ལྷག་མ་སྣོད་དང་བཅས་པ་དང་། །གཞན་ཡང་འཇིག་རྟེན་ཁམས་ཀྱི་བཅུད་ལེན་རྫས། །ལྕགས་ཀྱུ་སྒྲོན་མ་ཡེ་ཤེས་ལྔ་སྦྱར་བའི། །ཟག་མེད་བདེ་བ་སྐྱེད་བྱེད་བདུད་རྩིའི་ཚོགས། །མ་ལུས་རྩ་བའི་བླ་མ་ཁྱེད་ལ་འབུལ། །བདག་ལ་དགེས་པས་མྱུར་དུ་བཞེས་སུ་གསོལ། །བདེ་ཆེན་ཡེ་ཤེས་ད་ལྟ་ཉིད་དུ་སྩོལ། །ཨོཾ་ཤྲཱི་ཝཱན་སང་གུ་རུ་བཛྲ་ཨཱ་ཙརྻ་ས་པ་རི་ཝཱ་ར་ཨདྷྱཏྨ་ཨ་མྲྀ་ཏ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། གསུམ་པ་གསང་བའི་མཆོད་པ་ནི། གཟུགས་མཛེས་སྒྲ་སྙན་དྲི་ཞིམ་བདེ་བའི་རོ། །འདོད་དགུའི་རེག་བྱ་ཚད་མེད་བདེ་བ་སྐྱེད། །རྡོ་རྗེ་དབྱིངས་ཀྱི་དབང་ཕྱུག་མ་ཡི་དངོས། །རྣམ་ཀུན་མཆོག་ལྡན་སྟོང་ཉིད་ཕྱག་རྒྱར་འབུལ། །འཛག་མེད་དགའ་བཞིའི་ཡེ་ཤེས་ལྷན་ཅིག་སྐྱེས། །རྣམ་པར་རྟོག་བྲལ་རང་རིག་འོད་གསལ་མཆོག །འགྱུར་མེད་བདེ་ཆེན་ཡང་དག་དོན་གཟིགས་པའི། །སྤྲོས་བྲལ་ཡེ་ཤེས་ལྷག་པར་མངོན་མཛད་ནས། །བདག་དང་མཁའ་མཉམ་སེམས་ཅན་ཐམས་ཅད་ཀྱི། །སྲིད་པའི་རྩ་བ་འཕོ་ཆགས་ཕྲ་མོ་འདི། །ཟུང་འཇུག་ཡེ་ཤེས་ཉིད་དུ་བྱིན་རླབས་ནས། །ཟག་མེད་འཇའ་ལུས་རྡོ་རྗེའི་སྐུ་འགྲུབ་ཤོག །ཨོཾ་ཤྲཱི་ཝཱན་སང་གུ་རུ་བཛྲ་ཨཱ་ཙཱརྻ་ས་པ་རི་ཝཱ་ར་པྲ་ཛྙཱ་མུ་དྲ་ར་ཧ་སྱེ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། བཞི་པ་དེ་ཁོ་ན་ཉིད་ཀྱི་མཆོད་པ་ནི། མཆོད་པའི་ཡུལ་གྱུར་བླ་མ་དམ་པ་དང་། །མཆོད་པའི་དངོས་པོ་ཕྱི་ནང་གསང་བའི་རྫས། །མཆོད་པར་བྱེད་མཁན་སྒྲུབ་པོ་བདག་ཉིད་རྣམས། །ལོགས་ན་མེད་ཀྱི་རང་སེམས་མེ་ལོང་ངོས། །སྒྱུ་མ་ལྟ་བུའི་སྣང་བརྙན་སྣ་ཚོགས་ཤར། །སྣང་བ་དེ་ཉིད་སྟོང་པའི་རང་གཟུགས་ལ། །སྟོང་པའང་སྣང་བ་བཙལ་ནས་མ་རྙེད་ཅིང་། །སྣང་སྟོང་གཉིས་ཀྱི་ངོ་བོ་དབྱེར་མེད་ཀྱང་། །ཀུན་རྟོག་བློ་ཡི་བཟློག་པ་སོ་སོར་ཕྱེ། །སྣང་སྟོང་རང་བཞིན་གཅིག་མིན་ཐ་དད་མིན། །ཐ་དད་མེད་བཞིན་འགལ་བ་ལྟར་སྣང་བའི། །བརྗོད་མེད་སྣང་སྲིད་ཕྱག་རྒྱ་ཆེན་པོ་འདི། །འཛིན་མེད་བླ་མར་འབུལ་གྱིས་དོན་རྟོགས་མཛོད། །ཨོཾ་ཤྲཱི་ཝཱན་སང་གུ་རུ་བཛྲ་ཨཱ་ཙཱརྻ་ས་པ་རི་ཝཱ་ར་མཧཱ་མུ་དྲཱ་ཏ་ཏྲ་མ་པཱུ་ཛ་པྲ་ཏཱིཙྪ་སྭཱ་ཧཱ། གསུམ་པ་དབང་དང་དངོས་གྲུབ་བླང་བ་ལ། གསོལ་བ་འདེབས་པ་དང་། དབང་བླང་བ་གཉིས་སོ། །དང་པོ་ནི། ཕྱོགས་བཅུ་དུས་གསུམ་གྱི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱི་ངོ་བོར་གྱུར་པ། ཆོས་ཀྱི་རྗེ། ཆོས་ཀྱི་རྒྱལ་པོ། ཆོས་ཀྱི་དབང་ཕྱུག ཆོས་དམ་པའི་འབྱོར་པ་ཐམས་ཅད་ཀྱིས་ཕུན་སུམ་ཚོགས་ཤིང་། འཁོར་བ་དང་མྱ་ངན་ལས་འདས་པའི་དཔལ་དམ་པར་གྱུར་པ། བླ་མ་དམ་པའི་ཞབས་ཀྱི་པདྨོ་དྲི་མ་མེད་པ་ལ་གུས་པས་ཕྱག་འཚལ་ཞིང་སྐྱབས་སུ་མཆིའོ། །སྐུ་གསུང་ཐུགས་ཡོན་ཏན་ཕྲིན་ལས་ཐམས་ཅད་ཀྱིས་བདག་དང་སེམས་ཅན་ཐམས་ཅད་ལ་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སྔོན་གྱི་ལས་ལས་བྱུང་བ་དང་། གནས་སྐབས་ཀྱི་རྐྱེན་ལས་གྱུར་པའི་མི་དང་མི་མ་ཡིན་པ་དང་། འབྱུང་པོའི་གནོད་པ་དང་། ཉེ་བར་འཚེ་བ་དང་། བྱུར་དང་སྐལ་བ་ངན་པ་དང་། ཕྱི་དང་ནང་གི་བར་དུ་གཅོད་པ་ཐམས་ཅད་ཉེ་བར་ཞི་བར་བྱིན་གྱིས་བརླབ་ཏུ་གསོལ། ཚེ་དང་བསོད་ནམས་དང་དཔལ་དང་འབྱོར་པ་དང་དབང་ཕྱུག་ཕུན་སུམ་ཚོགས་པ་བྱིན་གྱིས་བརླབ་ཏུ་གསོལ། འཇིག་རྟེན་གྱི་ཆོས་བརྒྱད་དང་མཚན་མའི་རྣམ་པར་གཡེང་བ་ལ་སོགས་པ་སྲིད་པ་འཁོར་བར་འགྱུར་བའི་རྣམ་པར་རྟོག་པ་དང་། གཞན་གྱི་དོན་ལ་སྐྱོ་བ་དང་། རང་ཉིད་ཞི་བར་འདུན་པ་ལ་སོགས་པ་མྱ་ངན་ལས་འདའ་བར་འགྱུར་བའི་རྣམ་པར་རྟོག་པ་གང་ལགས་པ་ཐམས་ཅད་མི་འབྱུང་བར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་སེམས་ལས་སུ་རུང་བ་དང་། བག་ཡོད་པ་དང་། དྲན་པ་དང་ཤེས་བཞིན་ཡང་དག་པ་དང་ལྡན་པར་བྱིན་གྱིས་བརླབ་ཏུ་གསོལ། བདག་གི་ཚུལ་ཁྲིམས་ཀྱི་ཕུང་པོ་དང་། དམ་ཚིག་དང་སྡོམ་པའི་ཚོགས་རྣམ་པར་དག་ཅིང་། སྡིག་པ་དང་སྒྲིབ་པ་དང་ལྟུང་བ་དང་ཉེས་པའི་དྲི་མས་མི་གོས་པར་བྱིན་གྱིས་བརླབ་ཏུ་གསོལ། དད་པ་དང་སྙིང་རྗེ་དང་ཤེས་རབ་ཕུན་སུམ་ཚོགས་པ་དང་ལྡན་ཞིང་། བྱང་ཆུབ་ཀྱི་སེམས་གཉིས་ཟུང་དུ་ཆུད་ནས་ལུང་དང་མངོན་པར་རྟོགས་པས་བསྡུས་པའི་ཆོས་ཀྱི་སྣང་བ་དམ་པ་དང་། རྟོགས་པ་དགེ་བ་ཁྱད་པར་ཅན་རྒྱུད་ལ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། གང་གི་ཚེ་བདག་འཆི་བའི་དུས་བྱེད་པར་འགྱུར་བ་དེའི་ཚེ། ཚེ་འདི་དང་འཇིག་རྟེན་འདི་ལ་མངོན་པར་ཞེན་པ་དང་བྲལ་ཞིང་། ལུས་དང་སེམས་ལ་ཟུག་རྔུ་དང་། སྡུག་བསྔལ་ཅུང་ཟད་ཙམ་ཡང་མི་འབྱུང་བར་དགའ་བ་དང་སྤྲོ་བ་དང་ཡིད་གསལ་བ་མཆོག་དང་ལྡན་ཞིང་། ཏིང་ངེ་འཛིན་དམ་པ་རྒྱུད་ལ་སྐྱེས་ནས། བླ་མ་དང་དཀྱིལ་འཁོར་གྱི་ལྷ་ཚོགས་རྣམས་དང་། དཔའ་བོ་དང་རྣལ་འབྱོར་མའི་ཚོགས་ཡང་དག་པར་མཐོང་ཞིང་། དེ་དག་གི་རྣམ་པར་འཕྲུལ་པ་བསམ་གྱིས་མི་ཁྱབ་པ་དང་བཅས་པས་བསུས་ཏེ། བར་དོའི་འཇིགས་སྐྲག་ཐམས་ཅད་དང་བྲལ་ཞིང་། བདུད་དང་གཤིན་རྗེའི་སྤྱོད་ཡུལ་ཐམས་ཅད་ལས་ཤིན་ཏུ་འདས་ནས་རིག་པ་འཛིན་པ་དང་མཁའ་ལ་སྤྱོད་པ་ལ་སོགས་པའི་གོ་འཕང་མཆོག་ཏུ་སྐྱེ་བར་བྱིན་གྱིས་བརླབ་ཏུ་གསོལ། སྐྱེ་བ་དང་སྲིད་པ་ཐམས་ཅད་དུ་འཇིག་རྟེན་དང་འཇིག་རྟེན་ལས་འདས་པའི་རྒུད་པ་ཐམས་ཅད་དང་བྲལ་ཞིང་། སྲིད་པ་དང་ཞི་བའི་འབྱོར་པ་ཕུན་སུམ་ཚོགས་པ་ཐོབ་སྟེ། ཕྱོགས་བཅུའི་དེ་བཞིན་གཤེགས་པ་ཐམས་ཅད་ཀྱི་གསུང་རབ་རྒྱ་མཚོའི་ཚོགས་ཡང་དག་པར་བཟུང་ནས། ཆོས་ཀྱིས་ཕོངས་པའི་སེམས་ཅན་ཐམས་ཅད་ལ་ཆོས་ཀྱི་སྦྱིན་པ་རྒྱ་ཆེན་པོ་གཏོང་ཞིང་། སངས་རྒྱས་ཀྱི་ཞིང་ཡོངས་སུ་དག་པ་དང་། སེམས་ཅན་ཐམས་ཅད་ཡོངས་སུ་སྨིན་པར་བྱས་ནས། དངོས་པོ་ཐམས་ཅད་ཀྱིས་བླ་མ་དམ་པ་མཉེས་པར་བྱས་ཏེ། ས་དང་ལམ་ཐམས་ཅད་བདེ་བླག་ཏུ་བགྲོད་ནས་སྐུ་བཞི་ཡེ་ཤེས་ལྔ་དང་ལྡན་པ་རྒྱལ་བ་རྡོ་རྗེ་འཆང་ཆེན་པོའི་གོ་འཕང་ཚེ་འདི་ཉིད་ལ་ཐོབ་པར་བྱིན་གྱིས་བརླབ་ཏུ་གསོལ། གཉིས་པ་ནི། ཕྱོགས་བཅུ་དུས་གསུམ་བླ་མ་སངས་རྒྱས་ཀྱི། །སྐུ་གསུང་ཐུགས་དང་ཡོན་ཏན་ཕྲིན་ལས་རྣམས། །གཅིག་ཏུ་བསྡུས་པ་སྐུ་བཞིའི་བདག་ཉིད་དངོས། །ཡེ་ཤེས་ལྔ་དང་ཡན་ལག་བདུན་ལྡན་ཞིང་། །འཁོར་འདས་ཀུན་ཁྱབ་བརྟན་གཡོའི་དཔལ་གཅིག་པུ། །དམ་ཆོས་ཀུན་གྱི་འབྱུང་གནས་དགེ་འདུན་གཙོ། །ཆོས་སྐྱོང་ནོར་ལྷའི་མངའ་བདག་ཆོས་ཀྱི་རྗེ། །ཐུགས་རྗེ་ཆེན་པོས་བྱིན་གྱིས་བརླབ་ཏུ་གསོལ། །ལུས་ལ་བུམ་པའི་དབང་མཆོག་བསྐུར་དུ་གསོལ། །རྩ་ཡི་དྲི་མ་མཐའ་དག་སྦྱང་དུ་གསོལ། །སྣང་བ་ལྷ་རུ་འཆར་བར་བྱིན་གྱིས་རློབས། །འཁོར་འདས་དབྱེར་མེད་མངོན་དུ་འགྱུར་བར་མཛོད། །ངག་ལ་གསང་བའི་དབང་མཆོག་བསྐུར་དུ་གསོལ། །ཡི་གེའི་དྲི་མ་མཐའ་དག་སྦྱང་དུ་གསོལ། །གསལ་སྟོང་ཟུང་འཇུག་རྟོགས་པར་བྱིན་གྱིས་རློབས། །མ་འདྲེས་ཡོངས་རྫོགས་མངོན་དུ་འགྱུར་བར་མཛོད། །ཡིད་ལ་ཤེས་རབ་ཡེ་ཤེས་དབང་མཆོག་སྩོལ། །བདུད་རྩིའི་དྲི་མ་མཐའ་དག་སྦྱང་དུ་གསོལ། །བདེ་སྟོང་ཟུང་འཇུག་རྟོགས་པར་བྱིན་གྱིས་རློབས། །ཡེ་ཤེས་ཆེན་པོ་མངོན་དུ་འགྱུར་བར་མཛོད། །མཆོག་དབང་རིན་ཆེན་བཞི་པ་སྩལ་དུ་གསོལ། །རླུང་གི་དྲི་མ་མཐའ་དག་སྦྱང་དུ་གསོལ། །ཆོས་ཀུན་བདེ་སྟོང་ཆེན་པོར་རྟོགས་པར་ཤོག །ཤིན་ཏུ་རྣམ་དག་མངོན་དུ་འགྱུར་བར་མཛོད། །ཞེས་གསོལ་བ་དྲག་ཏུ་བཏབ་པས། སྐྱབས་ཡུལ་རྣམས་རིམ་གྱིས་འོད་དུ་ཞུ་ནས་རྩ་བའི་བླ་མ་ལ་ཐིམ། དེ་ལ་མོས་གུས་དྲག་ཏུ་བྱས་པས། བླ་མའི་དཔྲལ་བའི་ཨོཾ་ལས་འོད་དཀར་དང་། །ཨོཾ་ཡིག་ཕྲེང་བ་བྱུང་ནས་དཔྲལ་བར་ཞུགས། །ལུས་དང་རྩ་ཡི་དྲི་མ་མཐའ་དག་སྦྱངས། །བུམ་པའི་དབང་ཐོབ་སྐུ་ཡི་བྱིན་རླབས་ཞུགས། །བླ་མའི་མགྲིན་པའི་ཨཱཿལས་འོད་དམར་དང་། །ཨཱཿཡིག་ཕྲེང་བ་བྱུང་ནས་མགྲིན་པར་ཞུགས། །ངག་དང་ཡི་གེའི་དྲི་མ་མཐའ་དག་སྦྱངས། །གསང་བའི་དབང་ཐོབ་གསུང་གི་བྱིན་རླབས་ཞུགས། །བླ་མའི་ཐུགས་ཀའི་ཧཱུྃ་ལས་འོད་སྔོན་དང་། །ཧཱུྃ་ཡིག་ཕྲེང་བ་བྱུང་ནས་སྙིང་གར་ཞུགས། །ཡིད་དང་བདུད་རྩིའི་དྲི་མ་མཐའ་དག་སྦྱངས། །གསུམ་པའི་དབང་ཐོབ་ཐུགས་ཀྱི་བྱིན་རླབས་ཞུགས། །སྐུ་གསུང་ཐུགས་ལས་འོད་ཟེར་སྣ་ཚོགས་དང་། །འབྲུ་གསུམ་ཕྲེང་བ་བྱུང་ནས་སྒོ་གསུམ་ཞུགས། །ཡེ་ཤེས་རླུང་གི་དྲི་མ་མཐའ་དག་སྦྱངས། །བཞི་པའི་དབང་ཐོབ་སྐུ་བཞིའི་ངོ་བོར་གྱུར། །སྙམ་དུ་མོས་ནས་ཅུང་ཟད་མཉམ་པར་བཞག དཔལ་ལྡན་རྩ་བའི་བླ་མ་རིན་པོ་ཆེ། །བདག་གི་སྙིང་གར་པདྨའི་གདན་བཞུགས་ནས། །བཀའ་དྲིན་ཆེན་པོའི་སྒོ་ནས་རྗེས་བཟུང་སྟེ། །སྐུ་གསུང་ཐུགས་ཀྱི་དངོས་གྲུབ་སྩལ་དུ་གསོལ། །ཐོས་པ་རྒྱ་མཚོའི་མཆོད་ཡོན་ཀུན་ནས་འཁྱིལ། །ཡོན་ཏན་མེ་ཏོག་ཚུལ་ཁྲིམས་བདུག་སྤོས་སྤྲིན། །ཤེས་རབ་སྒྲོན་མེ་དད་པ་སྤོས་ཆུའི་མཚོ། །ཏིང་འཛིན་བདུད་རྩིའི་ཞལ་ཟས་དམ་པ་དང་། །བསྟོད་དབྱངས་སྙན་པའི་སིལ་སྙན་སྒྲ་འབྱིན་ཅིང་། །ཀུན་ནས་སྙིང་བརྩེ་རྣམ་དཔྱོད་སྤོབས་པ་ཡི། །གདུགས་དང་རྒྱལ་མཚན་བ་དན་བསྒྲེང་བ་ཡིས། །བདག་ལུས་གཞལ་མེད་ཁང་བརྩེགས་རབ་བརྒྱན་ནས། །སྙིང་གའི་ཆུ་སྐྱེས་ཐིག་ལེ་ཟླ་གདན་ལ། །བརྟན་པར་བཞུགས་པའི་ཆོས་རྗེ་མཆོད་བྱེད་ཅིང་། །ངེས་པར་འདུན་པའི་ཡིད་ཀྱིས་གསོལ་བཏབ་པས། །འགྲོ་བའི་བླ་མ་རྟག་ཏུ་མཉེས་གྱུར་ཅིག །བཞི་པ་དེ་ཁོ་ན་ཉིད་ཀྱི་དོན་བསྒོམ་པ་ནི། དཔག་ཡས་བྱིན་རླབས་དངོས་གྲུབ་ཀུན་གྱི་གཞི། །སྐུ་བཞིའི་བདག་ཉིད་བླ་མ་རྡོ་རྗེ་འཆང་། །མཁྱེན་བརྩེ་ནུས་པའི་གཏེར་ཆེན་ཆོས་ཀྱི་རྗེ། །བདག་ལ་མྱུར་དུ་ཐུགས་རྗེས་བྱིན་གྱིས་རློབས། །གནས་ལུགས་ཇི་བཞིན་རྟོགས་པར་བྱིན་གྱིས་རློབས། །ཡུལ་སྣང་སེམས་སུ་རྟོགས་པར་བྱིན་གྱིས་རློབས། །སེམས་སྣང་སྒྱུ་མར་རྟོགས་པར་བྱིན་གྱིས་རློབས། །རྟེན་འབྲེལ་བརྗོད་བྲལ་རྟོགས་པར་བྱིན་གྱིས་རློབས། །ཟུང་འཇུག་ལྷན་སྐྱེས་རྟོགས་པར་བྱིན་གྱིས་རློབས། །བདེ་ཆེན་སྤྲོས་མེད་རྟོགས་པར་བྱིན་གྱིས་རློབས། །འོད་གསལ་མཚན་མེད་རྟོགས་པར་བྱིན་གྱིས་རློབས། །རང་རིག་འགྱུར་མེད་རྟོགས་པར་བྱིན་གྱིས་རློབས། །རྣམ་ཀུན་མཆོག་ལྡན་རྟོགས་པར་བྱིན་གྱིས་རློབས། །གཉིས་མེད་ཕྱག་ཆེན་རྟོགས་པར་བྱིན་གྱིས་རློབས། །ཟབ་གསལ་སྟོང་ཉིད་རྟོགས་པར་བྱིན་གྱིས་རློབས། །ཀུན་ཁྱབ་ཡེ་ཤེས་རྟོགས་པར་བྱིན་གྱིས་རློབས། །བདག་གི་བཀའ་སྤྱད་འབད་པ་ཆེར་བྱས་ཀྱང་། །སྙིང་པོའི་དོན་མཆོག་རྟོགས་པར་མ་གྱུར་པས། །དཔལ་ལྡན་བླ་མའི་ཐུགས་རྗེའི་བྱིན་རླབས་ཀྱིས། །ཡེ་ཤེས་གཟིགས་པ་མངོན་དུ་འཇུག་གྱུར་ཅིག །ཅེས་གསོལ་བ་བཏབ་པས་བླ་མ་དེ་ཉིད་བདེ་བ་ཆེན་པོའི་ངོ་བོར་འོད་དུ་ཞུ་ནས་རང་ལ་ཐིམ་པས་རང་གི་ལུས་ངག་ཡིད་གསུམ་དང་། བླ་མའི་སྐུ་གསུང་ཐུགས་དབྱེར་མེད་དུ་གྱུར་ཏེ་ཆོས་ཐམས་ཅད་ཀྱི་གནས་ལུགས་མངོན་སུམ་དུ་རྟོགས་པ་ཡིན་ནོ་སྙམ་དུ་སེམས་མ་ཡེངས་པར་མཉམ་པར་བཞག་གོ །གསུམ་པ་རྗེས་ཀྱི་བྱ་བ་ནི། དགེ་བ་འདི་ཡིས་ནམ་མཁའི་མཐའ་ཀླས་པའི། །ལུས་ཅན་ཀུན་གྱི་བསོད་ནམས་ཡེ་ཤེས་ཚོགས། །མྱུར་དུ་བསྒྲུབས་ནས་ཚེ་འདི་ཁོ་ན་ལ། །རྡོ་རྗེ་འཛིན་པའི་ས་ལ་འགོད་པར་ཤོག །དེ་ལྟའི་གོ་འཕང་དམ་པ་མ་ཐོབ་བར། །སྐྱེ་བ་ཀུན་ཏུ་དལ་འབྱོར་ལུས་བཟང་ལྡན། །ཚུལ་ཁྲིམས་ངུར་སྨྲིག་གོས་མཆོག་གཙང་མ་དང་། །བསླབ་གསུམ་རིན་ཆེན་རྒྱན་གྱིས་མཛེས་པར་ཤོག །རྒྱལ་བའི་ཆོས་ཚུལ་ཆུ་གཏེར་ཆེར་ཞུགས་ནས། །མང་དུ་ཐོས་ཤིང་བསམ་དང་སྒོམ་པ་ཡི། །ཡིད་བཞིན་ནོར་བུ་བརྩོན་པའི་རྒྱལ་མཚན་རྩེར། །རྟག་ཏུ་ཉེར་བཀོད་སྐྱེ་དགུའི་ཕན་བདེར་ཤོག །མི་རྟག་འཁོར་བའི་ཆུ་སྲིན་གྱིས་སྐྲག་ཅིང་། །ལོངས་མེད་འཆི་བདག་མུན་པའི་དམག་མཐོང་ནས། །རྙེད་དཀའ་འཇིག་པར་སླ་བའི་དལ་འབྱོར་རྟེན། །མི་དགེ་སྤོང་ཞིང་དགེ་ལ་བརྩོན་པར་ཤོག །རིགས་དྲུག་སེམས་ཅན་འདི་དག་ཐམས་ཅད་ཀྱང་། །སྐྱེ་བ་སྔ་མར་ཡང་ཡང་ཕན་བཏགས་པའི། །དྲིན་ཅན་ཕ་མར་ཤེས་ནས་བྱམས་པ་དང་། །སྙིང་ནས་བརྩེ་བའི་བསམ་པ་འབྱོངས་པར་ཤོག །ཕ་རོལ་ཕྱིན་པའི་ལམ་གྱི་རྩ་བ་མཆོག །བྱང་ཆུབ་སེམས་གཉིས་ནན་ཏན་སྒོམ་པ་དང་། །གཞན་གྱི་སྡུག་བསྔལ་མ་ལུས་བདག་སྨིན་ཅིང་། །རང་གི་བདེ་དགེ་གཞན་ལ་གཏོང་བར་ཤོག །ཁྱད་པར་དུས་གསུམ་རྒྱལ་བའི་བགྲོད་གཅིག་ལམ། །རྨད་བྱུང་རྡོ་རྗེ་ཐེག་ལ་རབ་དད་པས། །རྡོ་རྗེ་འཆང་ཆེན་དཔལ་ལྡན་བླ་མ་ཡི། །དཀྱིལ་འཁོར་ཆེན་པོར་དབང་བཞིས་སྨིན་པར་ཤོག །དབང་གིས་སྨིན་ནས་གྲོལ་བར་བྱེད་པའི་ལམ། །སྣང་བ་ལྷར་སྒོམ་གྲགས་པ་སྔགས་སུ་འཆར། །སེམས་ཀྱི་ཉམས་སྣང་འཆར་སྒོ་ཅི་ཤར་ཡང་། །ཟུང་འཇུག་ཕྱག་རྒྱ་ཆེན་པོར་རྟོགས་པར་ཤོག །བར་ཆད་སེལ་ཞིང་དངོས་གྲུབ་ཀུན་གྱི་གཞི། །ཟབ་མོའི་ལམ་མཆོག་བླ་མའི་རྣལ་འབྱོར་འདི། །ཐེ་ཚོམ་ཡིད་གཉིས་སྤངས་ཏེ་རྩེ་གཅིག་བསྒོམས། །བྱིན་རླབས་རྟགས་མཚན་འཕྲལ་དུ་འབྱུང་བར་ཤོག །མཉམ་པར་གཞག་ཚེ་འཁོར་འདས་ཆོས་རྣམས་ཀུན། །རང་རིག་འོད་གསལ་རིག་པ་སྐད་ཅིག་མ། །ཉམས་སུ་མྱོང་ཞིང་ངོ་བོ་བརྗོད་དང་བྲལ། །བདེ་སྟོང་དབྱེར་མེད་མངོན་སུམ་རྟོགས་པར་ཤོག །རྗེས་ཐོབ་ཀུན་ཏུ་ལུས་ཀྱི་མི་དགེ་བ། །སྲོག་གཅོད་རྐུ་དང་འཁྲིག་པའི་ལས་སྤོང་ཞིང་། །བླ་མའི་ཆེད་དུ་ལུས་སྲོག་གཏོང་ཕོད་པས། །སྐུ་ཡི་དམ་ཚིག་མི་ཉམས་སྲུང་བར་ཤོག །ངག་གི་བརྫུན་དང་ཕྲ་མ་ཚིག་རྩུབ་དང་། །ངག་འཁྱལ་སྤོང་ཞིང་བླ་མའི་ཡོན་ཏན་དང་། །བསྟོད་པ་སྙན་གྲགས་བརྗོད་ཅིང་སྔགས་བཟླས་པས། །གསུང་གི་དམ་ཚིག་མི་ཉམས་སྲུང་བར་ཤོག །བརྣབ་སེམས་གནོད་སེམས་ལོག་པར་ལྟ་བ་སོགས། །ཡིད་ཀྱི་མི་དགེ་སྤོང་ཞིང་བླ་མ་འདི། །སྙིང་ནས་སངས་རྒྱས་དངོས་ཡིན་སྙམ་པ་ཡི། །ཐུགས་ཀྱི་དམ་ཚིག་མི་ཉམས་སྲུང་བར་ཤོག །བདག་གི་ལུས་སྲོག་ལོངས་སྤྱོད་དུས་གསུམ་གྱི། །དགེ་ཚོགས་ཇི་སྙེད་བླ་མའི་ཕྱོགས་སུ་གཏོང་། །ཁོངས་ཡུས་ང་རྒྱལ་ཁྱད་གསོད་མི་སྒོམ་པར། །བླ་མའི་ཐུགས་དགོངས་མ་ལུས་བསྒྲུབ་པར་ཤོག །སྐུ་གསུང་ཐུགས་ཀྱི་མཛད་སྤྱོད་རྣམ་ཐར་ལ། །སྐྱོན་གྱི་རྣམ་པ་འགའ་ཡང་མི་རྟོག་ཅིང་། །རྨད་བྱུང་རྒྱལ་བའི་མཛད་པ་ཤ་སྟག་ཏུ། །ལེགས་པར་ཤེས་ནས་ཡིད་ཆེས་སྐྱེ་བར་ཤོག །མདོར་ན་བླ་མ་མཉེས་པའི་ཐབས་འཚོལ་ཞིང་། །མི་མཉེས་གྱུར་པའི་ལས་སྒྲིབ་ཀུན་སྤངས་ཏེ། །འབྲལ་མེད་སྙིང་གི་དཀྱིལ་དུ་རྟག་བརྟན་ནས། །རྣམ་པ་ཀུན་ཏུ་མི་གཡེལ་རྗེས་འཛིན་ཤོག །ཀུན་རྫོབ་བླ་མ་སངས་རྒྱས་ཀུན་གྱི་དངོས། །དོན་དམ་བླ་མ་འཁོར་འདས་ཀུན་ལ་ཁྱབ། །རང་རིག་བླ་མ་རང་སེམས་གདོད་མའི་མགོན། །སྣང་སྲིད་བླ་མའི་ངོ་བོར་རྟོགས་པར་ཤོག །སྐྱེ་བ་འདི་དང་ཇི་སྲིད་སངས་རྒྱས་བར། །རྡོ་རྗེ་འཆང་ཆེན་དཔལ་ལྡན་བླ་མ་མཆོག །ནམ་ཡང་འབྲལ་མེད་དད་པས་རབ་བསྟེན་ཅིང་། །ཞལ་གྱི་བདུད་རྩིས་རྟག་ཏུ་འཚོ་བར་ཤོག །ཆོས་མཐུན་འབྱོར་པས་ཚེ་རིང་གནས་པ་དང་། །བྱང་ཆུབ་སེམས་མཆོག་རིམ་གཉིས་རྣལ་འབྱོར་སོགས། །རྩེ་གཅིག་ཟབ་མོའི་ཏིང་འཛིན་བསྒོམ་པ་ལ། །བར་ཆད་མེད་ཅིང་མཐུན་རྐྱེན་རྒྱས་པར་ཤོག །གནས་སྐབས་ཀུན་ཏུ་དམ་པའི་ཆོས་སྤྱོད་ཅིང་། །རང་རྒྱུད་གྲོལ་ནས་མར་གྱུར་སྐྱེ་དགུ་ལ། །སྐལ་བ་ཇི་བཞིན་རྣམ་གྲོལ་ལམ་བསྟན་ནས། །ཡོངས་སུ་སྨིན་ཅིང་གྲོལ་བར་བྱེད་གྱུར་ཅིག །གཙུག་གི་ནོར་བུ་བླ་མའི་ཐུགས་རྗེ་དང་། །སྐྱབས་གནས་བསླུ་བ་མེད་པའི་བདེན་པ་དང་། །རྡོ་རྗེ་ཆོས་སྐྱོང་ནུས་མཐུ་དཔག་ཡས་པས། །བསམ་པ་ཇི་བཞིན་རྟག་ཏུ་འགྲུབ་གྱུར་ཅིག།  །གསང་ཆེན་རྒྱུད་སྡེ་ཆུ་གཏེར་ཆེན་པོ་ལས། །བསླུ་མེད་རྗེ་བཙུན་མཆོག་གི་དེད་དཔོན་གྱི། །མན་ངག་ནོར་བུའི་ཕྲེང་བ་རབ་བླངས་པ། །ཀུན་གྱི་གཙུག་ཏོར་རྣལ་འབྱོར་འདི་ཡིན་ནོ། །སངས་རྒྱས་བསྟན་པ་རིན་ཆེན་རྙེད་དཀའ་ཞིང་། །མི་ལུས་ཐོབ་ཀྱང་ཆོས་དང་མཇལ་བར་དཀའ། །ཆོས་ཀྱི་ནང་ནས་གསང་ཆེན་རྒྱ་མཚོའི་བཅུད། །རྣལ་འབྱོར་ཟབ་མོ་མཆོག་འདི་ཐོས་པར་དཀའ། །ཐོས་ཀྱང་ཡིད་ཆེས་ཉིན་མོའི་སྐར་མ་ཙམ། །ཡིད་ཆེས་ན་ཡང་མང་པོའི་ཚུལ་གྱིས་ཁེངས། །ཐོས་པའི་ཆང་གི་མྱོས་ཤིང་རིགས་པ་ཡིས། །ཀུན་ཏུ་དྲེགས་ཤིང་རྣམ་པར་འགྱིངས་པས་ན། །ཡིད་བཞིན་ནོར་བུ་མཆོག་འདི་སྤངས་སུ་དོགས། །མ་སྤང་ན་ཡང་སྙོམས་ལས་ལེ་ལོའི་བདུད། །ཆེ་ཆེར་འཕེལ་བའི་བཏང་སྙོམས་ཞུགས་པ་ལས། །སྒྲུབ་པའི་རྒྱལ་མཚན་འཛིན་པ་ཆེས་རབ་དཀོན། །འགའ་ཞིག་གཞན་དོན་ལྟར་སྣང་བདུད་ཀྱིས་ཁྱེར། །ལ་ལ་བཅོལ་ཆུང་མན་ངག་མིག་དང་བྲལ། །ཁ་ཅིག་སྙིང་པོའི་དོན་གྱི་བརྡ་མི་གོ །གཞན་དག་ཆགས་སྡང་འཁྲུལ་བའི་དྲི་མས་གོས། །ཀྱེ་མ་ད་ནི་སྙིགས་མ་ལྔ་བདོའི་དུས། །དལ་འབྱོར་ཆུད་ཟོས་སྟོང་ལོག་མ་བྱེད་པར། །འཁོར་བའི་སྡུག་བསྔལ་མི་རྟག་དྲན་བྱོས་ལ། །རྩེ་གཅིག་ཟབ་མོའི་ཏིང་འཛིན་བསྒོམ་རེ་རན། །སྙོམས་ལས་ཕྱི་བཤོལ་བདུད་ཀྱི་མ་འཁྱེར་བར། །མི་ཚེ་ཐོས་པར་བསྐྱལ་ཀྱང་དོན་གོ་ཆུང་། །དེ་བས་སྙིང་པོའི་དོན་མཆོག་བླ་མ་བསྟེན། །ཟབ་དགུ་ཉོན་ལ་ཉམས་ལེན་གཅིག་ལ་འདྲིལ། །རྣམ་གྲངས་མང་ཡང་དགོས་དུས་ཕན་མི་ཐོགས། །ཁ་བཤད་ཆོས་ཀྱིས་བར་དོའི་འཕྲང་མི་ཁེགས། །ཉམས་མྱོང་མེད་ན་འཆི་ཁར་ཙབ་ཙོབ་ལྡང་། །གནད་གཅིག་མ་ཟིན་ཅ་ཅོ་མང་པོས་བསླུས། །དེས་ན་ཚེ་འདིའི་འདུན་མ་བློས་བཏང་ནས། །རྣལ་འབྱོར་ཟབ་མོ་འདི་ལ་ནན་ཏན་གྱིས། །གཡེང་མེད་བརྗེད་མེད་བླ་མ་སྤྱི་བོར་སྒོམས། །ཁ་ཙམ་མིན་པ་སྙིང་ནས་ཡང་ཡང་སོམས། །དམྱལ་བར་སོང་ཡང་རེ་ས་གཞན་མེད་སྙམ། །སྙིང་ནས་དད་གུས་ཁ་བཞེད་མཐུན་བྱས་ན། །ནམ་ཡང་མི་བསླུ་ཐུགས་རྗེས་མྱུར་བཟུང་ནས། །བདེ་ཆེན་མཆོག་གི་གནས་སུ་འདྲེན་པར་ངེས། །སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །སྐྱེ་བ་འདི་དང་སྐྱེ་བ་གཞན། །ཇི་སྲིད་སངས་རྒྱས་མ་ཐོབ་བར། །དེ་སྲིད་བླ་མའི་ཞབས་དྲུང་དུ། །འབྲལ་བ་མེད་པར་གནས་གྱུར་ཅིག །བདག་ཀྱང་སྐྱེ་བ་འདི་ནས་བཟུང་ནས་སུ། །ཇི་སྲིད་རྡོ་རྗེ་འཛིན་ས་མ་ཐོབ་བར། །མཐུ་སྟོབས་དབང་ཕྱུག་གཞུང་དང་མི་འབྲལ་ཞིང་། །བླ་མའི་ཚོགས་ཀྱི་བྲན་དུ་སྐྱེ་བར་ཤོག །བླ་མའི་ཚོགས་རྣམས་མཉེས་པར་བྱས་ནས་ཀྱང་། །སྐུ་བཞི་ཡེ་ཤེས་ལྔ་ལྡན་མངོན་གྱུར་ནས། །ནམ་མཁའི་མཐའ་དང་མཉམ་པའི་སེམས་ཅན་རྣམས། །དྲི་མེད་སངས་རྒྱས་ས་ལ་འགོད་པར་ཤོག །དཔལ་ལྡན་བླ་མའི་རྣམ་པར་ཐར་པ་ལ། །སྐད་ཅིག་ཙམ་ཡང་ལོག་ལྟ་མི་སྐྱེ་ཞིང་། །ཅི་མཛད་ལེགས་པར་མཐོང་བའི་མོས་གུས་ཀྱིས། །བླ་མའི་བྱིན་རླབས་སེམས་ལ་འཇུག་པར་ཤོག །སྡུག་བསྔལ་ཆུ་བོ་བཞི་ཡི་གྲུར་ཞུགས་ནས། །ཤིན་ཏུ་བརྒལ་དཀའ་འཁོར་བའི་རྒྱ་མཚོ་ལས། །བླ་མ་དམ་པའི་ཐུགས་རྗེའི་ལྕགས་ཀྱུ་ཡིས། །བདེ་ཆེན་ཐར་པའི་གནས་སུ་དྲང་དུ་གསོལ། །བདག་ཏུ་འཛིན་པའི་བཅོང་རོང་ནང་ཞུགས་ནས། །སྐྱེ་བའི་ཆུ་བོ་བཟློག་པ་དཀའ་མོད་ཀྱང་། །ལས་ཀྱི་དབང་གིས་དམྱལ་བ་མྱོང་ན་ཡང་། །དམ་པ་ཁྱེད་ལས་སྐྱབས་གཞན་མ་མཆིས་སོ། །ཕྱག་འཚལ་བ་དང་མཆོད་ཅིང་བཤགས་པ་དང་། །རྗེས་སུ་ཡི་རང་བསྐུལ་ཞིང་གསོལ་བ་འདེབས། །སྐྱབས་སུ་འགྲོ་ཞིང་བྱང་ཆུབ་སེམས་བསྐྱེད་ཀྱི། །བདག་དང་གཞན་གྱིས་དགེ་བ་ཅི་བསགས་པ། །འཁོར་གསུམ་ཡོངས་སུ་དག་པའི་ཤེས་རབ་ཀྱིས། །ཡོད་མེད་ལ་སོགས་དམིགས་པའི་དུག་སྤངས་ནས། །འཁོར་དང་མྱ་ངན་འདས་ལ་མི་སྨོན་པའི། །འགྲོ་བའི་དོན་དུ་སངས་རྒྱས་མྱུར་ཐོབ་ཤོག །བྱང་ཕྱོགས་སྐྱོང་བའི་སྐྱོབས་པ་མཆོག་གྱུར་པ། །མཁས་གྲུབ་རྒྱ་མཚོས་ཡོངས་སུ་གང་བའི་གནས། །གངས་རིའི་ཁྲོད་འདིར་བསྟན་པ་གསལ་མཛད་པའི། །ས་སྐྱ་པ་ཡི་བསྟན་པ་རྒྱས་གྱུར་ཅིག །འགྲོ་བའི་བླ་མ་ཆོས་རྗེ་པཎྜི་ཏ། །མཁྱེན་རབ་དབང་ཕྱུག་རྗེ་བཙུན་འཇམ་པའི་དབྱངས། །རྒྱལ་བ་གཉིས་པ་དཔལ་ལྡན་ས་སྐྱ་པའི། །བསྟན་པ་ཡུན་རིང་གནས་པའི་བཀྲ་ཤིས་ཤོག །འདིར་ལོངས་སྐབས་དང་བསྟུན་བཟང་སྤྱོད་སོགས་སྨོན་ལམ་རྣམས་འདོན་པའམ་དེ་མིན་དཀྱུས་ལྟར་བརྗོད་ཀྱང་ཆོག འགྲོ་བའི་སྡུག་བསྔལ་སྨན་གཅིག་པུ། །བདེ་བ་ཐམས་ཅད་འབྱུང་བའི་གནས། །བསྟན་པ་རྙེད་དང་བཀུར་སྟི་དང་། །བཅས་ཏེ་ཡུན་རིང་གནས་གྱུར་ཅིག །ཁྱད་པར་འཁྲུལ་མེད་རྗེ་བཙུན་ས་སྐྱ་པའི། །བསྟན་པ་དྲི་མེད་ཡར་ངོའི་ཟླ་བ་ལྟར། །འཕེལ་ཞིང་རྒྱས་ནས་འཇིག་རྟེན་ཁམས་འདི་རུ། །བདེ་སྐྱིད་མ་ལུས་འབྱུང་བའི་རྒྱུར་གྱུར་ཅིག །བྱང་ཕྱོགས་སྐྱོང་བའི་སྐྱོབས་པ་མཆོག་གྱུར་པ། །མཁས་གྲུབ་རྒྱ་མཚོས་ཡོངས་སུ་གང་བའི་གནས། །གངས་རིའི་ཁྲོད་འདིར་བསྟན་པ་གསལ་མཛད་པའི། །ས་སྐྱ་པ་ཡི་བསྟན་པ་འབར་གྱུར་ཅིག །རྒྱལ་བའི་ཡེ་ཤེས་གཅིག་བསྡུས་མཁྱེན་པའི་གཏེར། །དམར་སེར་དྷཱིཿཡིག་འོད་ཀྱི་སྣང་བ་ཡིས། །བསྟན་འགྲོའི་དཔལ་གཏེར་རྗེ་བཙུན་ས་སྐྱ་པ། །ཡབསྲས་བརྒྱུད་པར་བཅས་ལ་གསོལ་བ་འདེབས། །འདིར་དུས་ཆེན་ཡིན་ཚེ་དེའི་ཉིན་གྱི་བླ་མའི་སྐུ་བསྟོད་ཤློ་ཀ་གཅིག་འཇུག སྐྱེ་བ་ཀུན་ཏུ་ཡང་དག་བླ་མ་དང་། །འབྲལ་མེད་ཆོས་ཀྱི་དཔལ་ལ་ལོངས་སྤྱོད་ཅིང་། །ས་དང་ལམ་གྱི་ཡོན་ཏན་རབ་རྫོགས་ནས། །རྡོ་རྗེ་འཆང་གི་གོ་འཕང་མྱུར་ཐོབ་ཤོག །དེ་ལྟའི་ཡོན་ཏན་མཆོག་མངའ་བླ་མ་ལ། །གུས་པས་འདུད་དོ་ཚེ་རབས་ཀུན་ཏུ་བདག །བཤེས་གཉེན་དམ་པ་ཁྱེད་དང་མི་འབྲལ་ཞིང་། །བརྩེ་བ་ཆེན་པོས་རྗེས་སུ་འཛིན་པར་ཤོག །ཕན་བདེ་འབྱུང་བའི་གནས་གཅིག་པུ། །བསྟན་པ་ཡུན་རིང་གནས་པ་དང་། །བསྟན་འཛིན་སྐྱེས་བུ་དམ་པ་རྣམས། །སྐུ་ཚེའི་རྒྱལ་མཚན་བརྟན་གྱུར་ཅིག །འཛམ་གླིང་བྱང་ཕྱོགས་ཐུབ་པའི་རྒྱལ་ཚབ་ཞེས། །འཛམ་གླིང་མཁས་གྲུབ་ཡོངས་ཀྱིས་ཆེར་བསྔགས་པའི། །འཛམ་གླིང་བསྟན་པའི་བདག་པོ་ས་སྐྱའི་གདུང་། །འཛམ་གླིང་གདུལ་བྱའི་མགོན་དུ་ཞབས་བརྟན་ཤོག །དཀོན་མཆོག་རིན་ཆེན་གསུམ་གྱི་བྱིན་རླབས་དང་། །དཀར་ཕྱོགས་དགའ་བའི་མཐུ་དང་ནུས་པ་ཡིས། །རྒྱལ་བའི་བསྟན་འཛིན་འཇམ་དབྱངས་ཡབ་སྲས་སོགས། །སྐུ་ཚེ་རིང་ཞིང་ཕྲིན་ལས་རྒྱས་གྱུར་ཅིག །གངས་ཅན་བོད་ཀྱི་ལྟེ་བ་རྡོ་རྗེ་གདན། །དཔལ་ལྡན་ས་སྐྱའི་ཆོས་སྲིད་རྒྱས་པ་དང་། །སྤྲུལ་པའི་གདུང་རབས་རྒྱུན་ཆད་མི་འབྱུང་ཞིང་། །ཀུན་ཀྱང་ཕྲིན་ལས་ནམ་མཁའ་མཉམ་པར་ཤོག །འཕྲིན་ལས་རྣམ་བཞིའི་རིན་ཆེན་གདུགས་དཀར་པོ། །གཡས་སུ་འཁོར་བའི་གྲིབ་མས་འཇིག་རྟེན་གསུམ། །ཀུན་ཁྱབ་བསིལ་བའི་གོ་འཕང་ལ་རེག་པའི། །བདེ་ལེགས་ཆེན་པོས་ཕྱོགས་ཀུན་ཁྱབ་གྱུར་ཅིག །གཙུག་ལག་ཁང་རྣམས་ཀློག་པ་དང་། །ཁ་ཏོན་གྱིས་རྒྱས་ལེགས་གནས་ཤོག །རྟག་ཏུ་དགེ་འདུན་མཐུན་པ་དང་། །དགེ་འདུན་དོན་ཡང་འགྲུབ་པར་ཤོག །མདོ་སྔགས་ཉི་ཟླ་ལྟ་བུའི་ཆོས་གྲྭ་ཟུང་། །ཞི་དུལ་བག་ཡོད་བསླབ་གསུམ་ཁྲིམས་ཀྱིས་མཛེས། །ལུང་རྟོགས་ཡོན་ཏན་དཔལ་གྱིས་ཉེར་ཕྱུག་པའི། །བཤེས་གཉེན་འབུམ་ཕྲག་དུ་མས་ཡོངས་གང་ཤོག །གཞན་ཡང་སྐྱེ་བ་འདི་ཉིད་ལ། །མི་མཐུན་ཕྱོགས་ཀུན་ཞི་བ་དང་། །ཚེ་རིང་ནད་མེད་ཕུན་སུམ་ཚོགས། །རྟག་ཏུ་བདེ་དང་ལྡན་གྱུར་ཅིག །འཇིག་རྟེན་བདེ་ཞིང་ལོ་ལེགས་དང་། །འབྲུ་རྣམས་འཕེལ་ཞིང་ཕྱུགས་འཕེལ་བ། །དགེ་ལེགས་ཐམས་ཅད་འབྱུང་བ་དང་། །ཡིད་ལ་འདོད་པ་ཀུན་འགྲུབ་ཤོག །དགེ་བ་འདི་ཡིས་སྐྱེ་བོ་ཀུན། །བསོད་ནམས་ཡེ་ཤེས་ཚོགས་རྫོགས་ཤིང་། །བསོད་ནམས་ཡེ་ཤེས་ལས་བྱུང་བའི། །དམ་པ་གཉིས་པོ་ཐོབ་པར་ཤོག །སངས་རྒྱས་སྐུ་གསུམ་བརྙེས་པའི་བྱིན་རླབས་དང་། །ཆོས་ཉིད་མི་འགྱུར་བདེན་པའི་བྱིན་རླབས་དང་། །དགེ་འདུན་མི་ཕྱེད་འདུན་པའི་བྱིན་རླབས་ཀྱིས། །བསྔོ་བ་སྨོན་ལམ་བཏབ་ཚད་འགྲུབ་པར་ཤོག།  །རྒྱལ་མཚན་རྩེ་མོ་དབང་གི་རྒྱལ་པོ་ལྟར། །ལྷག་པའི་ལྷ་ཡི་གཙུག་གི་རྒྱན་གྱུར་པ། །སྒྲུབ་པ་པོ་ལ་དངོས་གྲུབ་མཆོག་སྩོལ་བའི། །མཉམ་མེད་བླ་མ་མཆོག་གི་བཀྲ་ཤིས་ཤོག །རྡོ་རྗེ་འཆང་ཆེན་བདག་མེད་བིརྺ་པ། །ཀུན་དགའ་སྙིང་པོ་བསོད་ནམས་རྩེ་མོ་དང་། །གྲགས་པ་རྒྱལ་མཚན་ས་སྐྱ་པཎྜི་ཏ། །ཆོས་རྒྱལ་འཕགས་པ་རྣམས་ཀྱི་བཀྲ་ཤིས་ཤོག །གང་ཞིག་ཡིད་བཞིན་ནོར་བུར་གསོལ་བཏབ་ན། །འདོད་པའི་དངོས་གྲུབ་མ་ལུས་སྩོལ་བ་ལྟར། །དད་པ་ཅན་ཀུན་ནམ་ཡང་མི་བསླུ་བའི། །དཔལ་ལྡན་རྩ་བརྒྱུད་བླ་མའི་བཀྲ་ཤིས་ཤོག །སྣ་ཚོགས་སྐུ་གསུང་ཐུགས་ཀྱི་སྒྱུ་འཕྲུལ་ལས། །གང་ལ་གང་འདུལ་མཛད་ཕྲིན་ཕ་མཐའ་ཡས། །དངོས་གྲུབ་རྣམ་གཉིས་སྩོལ་བའི་ལྷག་པའི་ལྷ། །ཡི་དམ་རྒྱལ་བ་རྒྱ་མཚོའི་བཀྲ་ཤིས་ཤོག །ཕྱོགས་བཅུའི་འགྲོ་ལ་མཁྱེན་བརྩེས་རབ་དགོངས་ནས། །ཕྱོགས་བཅུར་ཆོས་ཀྱི་འཁོར་ལོ་ལེགས་བསྐོར་བས། །ཕྱོགས་བཅུའི་འགྲོ་ཀུན་ཡོངས་སུ་སྐྱོབས་མཛད་པའི། །ཕྱོགས་བཅུའི་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག །སྟོན་པ་སངས་རྒྱས་རྣམས་ཀྱི་བཀྲ་ཤིས་ཤོག །སྐྱོབས་པ་དམ་ཆོས་རྣམས་ཀྱི་བཀྲ་ཤིས་ཤོག །འདྲེན་པ་དགེ་འདུན་རྣམས་ཀྱི་བཀྲ་ཤིས་ཤོག །སྐྱབས་གནས་དཀོན་མཆོག་གསུམ་གྱི་བཀྲ་ཤིས་ཤོག །བརླབས་ཆེན་སྤྱོད་པའི་ཚུལ་ནི་རབ་བཟུང་ནས། །བསྡུ་བ་རྣམས་བཞིས་འགྲོ་དོན་མཛད་གྱུར་པ། །རབ་དགའ་ལ་སོགས་ས་ལ་བཞུགས་པ་ཡི། །བྱང་ཆུབ་སེམས་དཔའ་རྣམས་ཀྱི་བཀྲ་ཤིས་ཤོག །རྒྱུན་ཞུགས་ཕྱིར་འོང་ཕྱིར་མི་འོང་ལ་སོགས། །དགྲ་བཅོམ་རིགས་གྱུར་སྐྱེས་བུ་ཟུང་བཞི་དང་། །ཚོགས་ན་སྤྱོད་དང་བསེ་རུ་ལྟ་བུ་ཡི། །འཕགས་པ་རང་རྒྱལ་རྣམས་ཀྱི་བཀྲ་ཤིས་ཤོག །རྫུ་འཕྲུལ་སྟོབས་དང་མངོན་པར་ཤེས་པའི་དཔལ། །ཉེ་བར་དགོངས་ནས་ཐུབ་པའི་བཀའ་བཞིན་དུ། །བསྟན་པ་རིན་ཆེན་བང་མཛོད་ལེགས་སྐྱོང་བའི། །རྡོ་རྗེ་ཆོས་སྐྱོང་རྣམས་ཀྱི་བཀྲ་ཤིས་ཤོག །གང་སྔོན་སྦྱིན་པ་རྒྱ་མཚོའི་དགེ་བསགས་པས། །ཚེ་དང་ནོར་དང་མཐུ་ཡི་དཔལ་བརྙེས་ཤིང་། །སྒྲུབ་པ་པོ་ལ་དབྱིག་གི་ཆར་འབེབས་པའི། །གནོད་སྦྱིན་ནོར་སྐྱོངས་རྣམས་ཀྱི་བཀྲ་ཤིས་ཤོག །བགེགས་རིགས་སྟོང་ཕྲག་བརྒྱད་ཅུ་ཞི་བ་དང་། །མི་མཐུན་གནོད་པའི་རྐྱེན་དང་བྲལ་བ་དང་། །མཐུན་པ་འགྲུབ་ཅིང་ཕུན་སུམ་ཚོགས་པ་ཡི། །བཀྲ་ཤིས་དེས་ཀྱང་དེང་འདིར་བདེ་ལེགས་ཤོག །ཉིན་མོ་བདེ་ལེགས་མཚན་བདེ་ལེགས། །ཉི་མའི་གུང་ཡང་བདེ་ལེགས་ཤིང་། །ཉིན་མཚན་རྟག་ཏུ་བདེ་ལེགས་པའི། །དཀོན་མཆོག་གསུམ་གྱིས་དེང་འདིར་བདེ་ལེགས་ཤོག །དེ་ལྟར་དཔལ་ལྡན་བླ་མ་དམ་པ་མཆོད་པའི་ཆོ་ག་བྱིན་རླབས་ཀྱི་ཆུ་གཏེར་ཞེས་བྱ་བ་འདི་ཡང་། དེང་སྙིགས་དུས་ཀྱི་སྐྱེ་བོ་འདུ་འཛིའི་གཟེབ་ཏུ་ཚུད་པ་རྣམས་ཀྱི་ཆེད། བླ་མཆོད་ཁེ་གཙང་ཉུང་བསྡུས་ཤིག་དགོས་ཚུལ་དོན་གཉེར་ཅན་མང་པོས་བསྐུལ་བའི་ངོར། འཁོན་རིགས་ཝ་གིནྡྲཱ་ནནྡས། རྩ་གཞུང་ས་ལོ་འཇམ་པའི་རྡོ་རྗེའི་གསུང་སོར་བཞག་ལ། དབུའི་མཆོད་བརྗོད་དང་། ཕན་ཡོན་ཤེས་བྱེད། འདོན་ཚུལ་ནག་འགྲོས་ཀྱི་ཚུལ་དུ་བསྒྲིགས་པ་འདིས་ཀྱང་འགྲོ་ཀུན་དཔལ་ལྡན་བླ་མ་དམ་པའི་རྗེས་སུ་འཛིན་པའི་རྒྱུར་གྱུར་ཅིག །ཡི་གེའི་སྲི་ཞུ་བ་དོན་ཡོད་ཀྱི་ཞུས་པ་དགེའོ། །དགེའོ། །དགེའོ།།  །། ༈ །རྒྱལ་ཁམས་ཕྱོགས་མེད་ཡངས་པའི་སྨན་ལྗོངས་སུ། །ཤེས་ལྡན་གཟུར་གནས་ནམ་མཁའི་མཐའ་ཀླས་པར། །ཀུན་སྤངས་ཆོས་རྗེའི་ཕྲིན་ལས་སྐྱོང་བའི་དཔལ། །བློ༷་གས༷ལ་རྒྱ༷་མཚོ༷འི་ཞབས་ལ་གསོལ་བ་འདེབས། །ཚར་ཆེན་ཆོས་ཀྱི་རྒྱལ་པོའི་སྐུ་བསྟོད་ཞལ་གསུངས་མ་ནི། གང་བློ༷་འདྲེན་པའི་དེད་དཔོན་གྱིས་བཟུང་ཞིང་། །རིམ་གཉིས་འོད་གས༷ལ་བདེ་ཆེན་བརྗིད་བཅས་ཏེ། །སྙན་བརྒྱུད་རྒྱ༷་མཚོ༷འི་ཕ་རོལ་མཐར་སོན་ནས། །དངོས་གྲུབ་ནོར་བུའི་དཔལ་འཛིན་དེ་ལ་འདུད། །རྗེ་བཙུན་བླ་མ་འཁོར་ལོའི་མགོན་དུ་མཐོང་། །མཐའ་ཡས་འགྲོ་ལ་བརྩེ་བས་རྗེས་སུ་ཆགས། །སྣང་སྲིད་ཆོས་ཀུན་སྒྱུ་མའི་ངང་དུ་དགོངས། །བྱ་བྲལ་ངུར་སྨྲིག་འཆང་བ་དེ་ལ་འདུད། །རྡོ་རྗེ་ཐེག་པའི་སྐྱེད་ཚལ་ཡངས་པའི་གཞིར། །གྲུབ་མཆོག་ཞལ་གྱི་པད་མའི་སྦྲང་རྩིའི་ལས། །ཉིན་བཞིན་མྱོང་བའི་ཉམས་མྱོང་བཅུད་ཆེན་པོ། །ལྷན་སྐྱེས་བདེ་བས་མྱོས་པ་དེ་ལ་འདུད། །གངས་རིའི་ཁྲོད་འདིར་བློ༷་གས༷ལ་བྱེ་བའི་ཁྲོད། །སྙན་བརྒྱུད་སློབ་བཤད་སྒྲ་དབྱངས་སྒྲོག་མཁས་ཤིང་། །རྒྱུད་སྡེ་རྒྱ༷་མཚོ༷འི་དོན་གྱི་བཅུད་ཕྱུང་བ། །རྒྱ་ཆེ་འགྲོ་བའི་མགོན་དུ་འགྱུར་བར་ཤོག དེ་སྐད་རང་ལ་རང་གིས་ནི། །བསྟོད་པ་འདི་ནི་མི་འོས་ཀྱང་། །ཚིག་འདིས་གསོལ་བ་འདེབས་བྱེད་ན། །དེ་ལ་བྱིན་རླབས་ངང་གིས་འཇུག།  ༈ །ཚར་ཆེན་རྡོ་རྗེ་འཆང་གི་རྣམ་ཐར་གསོལ་འདེབས་བཀྲ་ཤིས་མཚན་བཟང་མ་བཞུགས་སོ།། ཨོཾ་སྭསྟི། བཀྲ་ཤིས་མཚན་བཟང་ཡིད་ལ་དྲན་ཙམ་གྱི། །ཕུན་ཚོགས་སྲིད་ཞིའི་དགེ་ལེགས་ཀུན་བསྟེར་བ། །རབ་འབྱམས་རྒྱལ་བ་ཀུན་དངོས་ཚར་པ་རྗེ། །སྙིང་ནས་དྲན་ནོ་ཐུགས་རྗེས་ལྕགས་ཀྱུས་ཟུངས། །མགོན་ཁྱོད་གདོད་མའི་དབྱིངས་ནས་སངས་རྒྱས་ཀྱང་། །གྲངས་མེད་གདུལ་བྱའི་ཁམས་དང་བསམ་པ་བཞིན། །ངོ་མཚར་སྐྱེས་པའི་ཟློས་གར་བཅུ་གསུམ་གྱིས། །ཕན་བདེའི་དགའ་སྟོན་སྤེལ་ལ་གསོལ་བ་འདེབས། །བདག་སོགས་རྨུ་རྒོད་འགྲོ་ལ་བརྩེར་དགོངས་ནས། །ལྗོངས་འདིར་འཆི་མེད་རིགས་ཀྱི་ཐིག་ལེ་ལས། །བསམ་བཞིན་རྡོ་རྗེ་ཐེག་པའི་པད་ཚལ་གྱིས། །བོད་ཡུལ་འགྲོ་བའི་གཉེན་དེར་གསོལ་བ་འདེབས། །གཞོན་ནུའི་དུས་ནས་རང་ལུས་ལྷ་སྐུར་གཟིགས། །དམ་ཅན་སྲུང་མས་དངོས་སུ་གཏོར་མ་བླང་། །ཀློག་དང་ཡི་གེ་མ་བསླབས་ཐུགས་སུ་ཆུད། །བྱིས་པའི་སྤྱོད་ལས་འདས་ལ་གསོལ་བ་འདེབས། །འཁོར་བའི་ཕུན་ཚོགས་འབར་བའི་མེ་འོབ་ལྟར། །གཟིགས་ནས་ངེས་འབྱུང་ཚུལ་ཁྲིམས་དཔལ་གྱིས་འཁྱུད། །བཅས་དང་རང་བཞིན་ཉེས་པ་རིང་དུ་སྤོང་། །དགྲ་བཅོམ་ཆེན་པོའི་ཞབས་ལ་གསོལ་བ་འདེབས། །དྲུག་ཅུ་རྩ་གསུམ་གདམས་པའི་ཡོངས་འཛིན་བསྟེན། །མདོ་སྔགས་གསར་རྙིང་དམ་ཆོས་ཇི་སྙེད་པ། །ཐོས་བསམ་བསྒོམས་པས་འཁྲུལ་མེད་ཐུགས་སུ་ཆུད། །རྩོད་དུས་ཀུན་མཁྱེན་གཉིས་པར་གསོལ་བ་འདེབས། །བསྐལ་བཟང་དང་པོའི་སངས་རྒྱས་རྡོ་རིངས་པས། །རྗེས་བཟུང་ས་སྐྱའི་བླ་ཆེན་ཐུགས་ཀྱི་བཅུད། །སྙན་བརྒྱུད་སློབ་བཤད་ཆོས་ཀྱི་འཁོར་ལོ་སྒྱུར། །སྐལ་བཟང་གདུལ་བྱའི་གཉེན་དེར་གསོལ་བ་འདེབས། །བརྗོད་བྲལ་བདེ་ཆེན་གནས་ལུགས་མངོན་གྱུར་ཀྱང་། །རིམ་གཉིས་བཟླས་པ་བཅས་པའི་རྣལ་འབྱོར་ལ། །ནམ་ཡང་གཡེང་མེད་སྒྲུབ་པ་ལྷུར་ལེན་པའི། །གྲུབ་པའི་གཙུག་རྒྱན་མཆོག་ལ་གསོལ་བ་འདེབས། །ཨོ་རྒྱན་པདྨ་དུས་དགྲ་མ་ཧེའི་ཞལ། །རྡོ་རྗེ་བཙུན་མོ་ཡང་གསང་ཁྲོས་པ་སོགས། །ལྷ་མཆོག་དུ་མས་དངོས་སུ་ཞལ་གཟིགས་ཏེ། །ལུང་བསྟན་སྣང་བ་ཐོབ་ལ་གསོལ་བ་འདེབས། །གུར་གྱི་མགོན་པོ་དཔའ་བོ་བྲམ་ཟེའི་གཟུགས། །འཆི་བདག་དབང་ཕྱུག་གིང་ལྔ་གཟའ་གདོང་སོགས། །དམ་ཅན་རྒྱ་མཚོ་དངོས་སུ་བྲན་དུ་འཁོལ། །མཐུ་སྟོབས་ནུས་པའི་གཏེར་ལ་གསོལ་བ་འདེབས། །བགྲང་ཡས་གདུལ་བྱའི་ཁམས་དང་བསམ་པ་བཞིན། །ཉིད་ཀྱིས་ཇི་ལྟར་གཟིགས་པའི་ལམ་བསྟན་ནས། །བཀའ་བཞིན་མཁས་དང་གྲུབ་པའི་སར་བཀོད་དེ། །འཁྲུལ་མེད་ལམ་སྟོན་ཁྱེད་ལ་གསོལ་བ་འདེབས། །ཞིང་འདིའི་མཛད་པ་ལེགས་པར་མཐར་ཕྱིན་ཏེ། །ཀུན་སྤངས་ཆེན་པོས་བྱོན་ཞེས་བསྐུལ་བའི་ཚེ། །བགྲང་ཡས་ངོ་མཚར་ལྟས་དང་ལྷན་ཅིག་ཏུ། །མཁའ་སྤྱོད་གནས་སུ་གཤེགས་ལ་གསོལ་བ་འདེབས། །ཆོས་དབྱིངས་ངང་ལས་སྒྱུ་མའི་སྐུར་བཞེངས་ཏེ། །གུས་ལྡན་སློབ་མའི་རྨི་ལམ་སྣང་བ་ལ། །ཞལ་བསྟན་དབུགས་དབྱུང་ལྟོས་པར་བཅས་པ་ཀུན། །རྗེས་འཛིན་ལུང་བསྟན་མཛད་ལ་གསོལ་བ་འདེབས། །བློ༷་གས༷ལ་གདུལ་བྱའི་རྒྱ༷་མཚོ༷་ཀུན་གྱི་གཉེན། །གྲགས་བསྟན་སྙན་བརྒྱུད་བསྟན་པའི་རྒྱལ་མཚན་འཛིན། །དོན་གཉིས་དཔལ་འབྱོར་བཟང་པོ་ཚར་པ་རྗེའི། །ཉིན་མཚན་རྣམ་ཐར་དྲན་ཞིང་གསོལ་བ་འདེབས། །གུས་པས་ཕྱག་འཚལ་རབ་འབྱམས་མཆོད་སྤྲིན་འབུལ། །ཉེས་པ་ཀུན་བཤགས་དགེ་ལ་རྗེས་ཡི་རང་། །ཆོས་འཁོར་བསྐོར་ཞིང་བཞུགས་པར་གསོལ་བ་འདེབས། །དགེ་དེས་འགྲོ་ཀུན་བླ་མས་རྗེས་འཛིན་ཤོག །དེ་ལྟར་ཁྱེད་ལ་གུས་པས་གསོལ་བཏབ་པས། །དུས་འདི་ནས་བཟུང་བྱང་ཆུབ་སྙིང་པོའི་བར། །འབྲལ་མེད་ཐུགས་རྗེའི་ལྕགས་ཀྱུས་རྗེས་བཟུང་ནས། །དོན་གཉིས་ལྷུན་གྱིས་འགྲུབ་པར་བྱིན་གྱིས་རློབས། །གང་གི་ཞབས་སེན་ཡིད་ལ་དྲན་ཙམ་གྱིས། །ཕྱི་ནང་བདུད་ལས་རྒྱལ་བའི་དཔལ་ཡོན་ཅན། །རྡོ་རྗེ་འཆང་དབང་ཚར་པ་ཆོས་ཀྱི་རྗེའི། །བསྟན་པ་ཕྱོགས་བཅུར་རྒྱས་པའི་བཀྲ་ཤིས་ཤོག །ཅེས་མཁྱེན་བརྩེའི་དབང་ཕྱུག་གི་གསུང་འཁྲུལ་མེད་དགེའོ།།  །།པར་རྩ་བལ་ཡུལ་ནས་རྒྱལ་ཡོངས་ས་ཆེན་ཞེས་པ་ལས་གུ་རུས་ཞུས།།  །།

ཐུགས་རྗེ་ཆེ་ཞུ་རྒྱུ་དང་སྤར་སྦྱང་སྨོན་ཚིག

རྩོམ་སྒྲིག་པ། ཕར་ནང་དར་རྒྱས།
ནང་དོན་འདིའི་དཔར་དབང་རྒྱལ་ཡོངས་ས་ཆེན་དྲ་བར་ཡོད་པས་ཡོངས་རྫོགས་སམ་ཆ་ཤས་གང་ཞིག་ཆོག་མཆན་མེད་པར་རང་དགར་སུས་དགོལ་མི་ཆོག ། གལ་སྲིད་དགོལ་ན་ཡོང་ཁུངས་གསལ་པོ་དང་སྦྲེལ་ཐག་ངེས་པར་དུ་འགོད་དགོས།
དྲ་བའི་སྦྲེལ་ཐག  www.gyalyongsachen.com

Be the first to comment

Leave a Reply

Your email address will not be published.


*