སངས་རྒྱས་ལ་མེ་ཏོག་ཕུལ་བའི་ཕན་ཡོན་བཅུ།

སངས་རྒྱས་ལ་མེ་ཏོག་ཕུལ་བའི་ཕན་ཡོན་བཅུ། འཕགས་པ་ལས་རྣམ་འབྱེད་ཀྱི་མདོ་ལས།
དེ་བཞིན་གཤེགས་པ་ལ་མེ་ཏོག་དབུལ་བའི་ཕནཡོན་བཅུ་ཡོད་དེ། བཅུ་གང་ཞེ་ན།
༡འཇིག་རྟེན་ན་མེ་ཏོག་ལྟ་བུར་འགྱུར་བ་དང་།
༢ དེའི་སྣའི་དབང་པོ་ནམ་ཡང་ཉམས་པར་མི་འགྱུར་བ་དང་།
༣ ལུས་ལ་དྲི་ང་བ་མེད་པར་འགྱུར་བ་དང་།
༤ ལུས་ལ་དྲི་ཞི་པོ་འབྱུང་བར་འགྱུར་བ་དང་། ་
༥ ཕྱོགས་དང་ཕྱོགས་མཚམས་རྣམས་སུ་དེའི་ཚུལ་ཁྲིམས་ཀྱི་དྲི་ངད་ལྡང་བར་འགྱུར་བ་དང་།
༦ འཇིག་རྟེན་པ་རྣམས་འཁོར་ཞིང་འདུ་བར་འགྱུར་བ་དང་།
༧ ཡིད་དུ་འོང་བའི་ཆོས་རྣམས་འཐོབ་པར་འགྱུར་བ་དང་།
༨ ལོངས་སྤྱོད་ཆེ་བར་འགྱུར་བ་དང་།
༩ མཐོ་རིས་སུ་སྐྱེ་བར་འགྱུར་བ་དང་།
༡༠ མྱུར་དུ་ཡོངས་སུ་མྱ་ངན་ལས་འདའ་བ་སྟེ་མེ་ཏོག་ཕུལ་བའི་ཕན་ཡོན་བཅུ་བཅོམ་ལྡན་འདས་ཀྱིས་གསུངས་སོ།།

འཕགས་པ་རྟག་ཏུ་ངུས་ཆོས་འཕགས་པ་དང་། ནོར་བཟང་གིས་རྗེ་བཙུན་བྱམས་པ་མཇལ་བ་ན་ཡང་དང་པོར་མེ་ཏོག་གཏོར་བས་མཆོད་པར་གསུངས་ཤིང་། ཞིང་ཐ་དད་ཀྱི་རྒྱལ་བ་ནང་ཕན་ཚུན་མཆོད་པའི་སྐྱེས་སྐུར་བ་ན་ཡང་མེ་ཏོག་ལ་སྐྱེས་མཛད་པར་མདོ་སྡེ་དུ་མ་ལས་གསུངས་སོ།

རང་སངས་རྒྱས་ཞིང་གི་རྡུལ་རྙེད་ལ་བསྐལ་པ་གངྒཱའི་བྱེ་སྙེད་དུ་ལྷའི་ཟས་དང་ན་བཟས་མཆོད་པ་བས་སངས་རྒྱས་ལ་དམིགས་ནས་མེ་ཏོག་ཅིག་ནམ་མཁའ་ལ་བོར་བ་བསོད་ནམས་ཆེས་ཆེ་བར་མེ་ཏོག་བརྩེགས་པའི་གཟུངས་ལས་གསུངས་པ་བསླབ་བཏུས་སུ་དྲངས་སོ།

འདུལ་བ་ལུང་ལས་ཀྱང་། མཁས་པ་གང་གིས་སངས་རྒྱས་མཆོད་རྟེན་ལ། །དགའ་བའི་སེམས་ཀྱིས་མེ་ཏོག་སིལ་མ་སྤུངས། །ཛམ་བུའི་ཆུ་གསེར་སྣོད་དུ་བཞག་པ་ནི། །སྟོང་ཕྲག་བརྒྱ་ཡང་དེ་དང་མཉམ་པ་མིན།

About གདོང་མཁན། 1038 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་གདོང་མཁན་ལགས་ནི་གདོང་ཐོག་དགོན་གྱི་ལྟ་གྲུབ་སློབ་དཔོན་མཁན་པོ་ཀཿབྲག་དངོས་གྲུབ་བསོད་ནམས་ཡིན།

Be the first to comment

Leave a Reply

Your email address will not be published.


*