གཡུ་དཀར་ལྷ་མོ།

      དབུ་འཇིཊ་མེད། མཚོ་ལྷོ། 

སྨིན་དྲུག་ལྷ་མོ་ནམ་མཁར་ཤར།།
མཛེས་པའི་འཇའ་རིས་རི་མོ་འདྲ།།
སྟོང་ཆེན་ཡོམ་ཡོམ་འགུལ་ན་ཡང་།།
དབྱངས་ལ་སྦྱར་བའི་སྨིན་དྲུག་མ།།
གཡོ་འགུལ་གང་ཡང་མ་མཆིས་སོ།།

སྨིན་དྲུག་ཞི་བའི་དབྱངས་ལ་སྦྱར།།
མགུར་མའི་ཁྱེད་ཉིད་དྲན་པར་བྱ།།
འཁོར་འདས་གཉིས་ཀྱི་བར་སྣང་ལ།།
ཞེ་བློ་འཁྲེང་བའི་སྤྲིན་དཀར་མ།།
སྲིད་པའི་མེ་ལོང་ནང་ན་མཛེས།།

ཚིག་ལ་བཏགས་པའི་དུང་བ་ཤིག།
འགྱུར་མེད་གཡུ་དྲུང་རི་མོ་བཞིན།།
སེམས་ལ་བབས་པའི་སྨིན་དྲུག་མ།།
ཞལ་དཀར་ཟླ་བའི་རང་བཞིན་ཞིག།
ཞེ་ལ་ཡང་ཡང་འཁོར་བར་སྲིད།།

འཁོར་བ་སྒྱུ་འཕྲུལ་དྲ་བའི་ནང་།།
སེམས་ཉིད་ངང་གིས་མ་སྡོད་པར།།
བར་སྣང་སྤྲིན་དཀར་རྗེས་སུ་སྙེག།
སྨིན་དྲུན་ལྷ་མོ་ཞི་བར་བཞུགས།།
མཐོང་སྣང་ཡིད་ཀྱིས་སྨོན་པ་ཤོར།།

སེམས་ཉིད་ཏིང་འཛིན་ངང་ལ་བཞག།
སྟོང་ཉིད་དབྱིངས་སུ་མི་གཡོ་བ།།
སྨིན་དྲུག་ལྷ་མོ་རང་གཟུགས་རེད།།
མ་བཅོས་སེམས་ཀྱི་གཤིས་ངོར་ལ།།
ཁྱེད་ཞལ་མ་གཏོགས་མཇལ་རྒྱུ་མེད།།

དུངས་བའི་ཚིག་གི་འདབ་མ་ལ།།
སེམས་ལ་བབས་པའི་གསང་ཚིག་བྲིས།།
སྙིང་གཏམ་རྒྱ་མཚོའི་ཕ་རོལ་བརྒལ།།
མགུར་མའི་སྙན་ཚིག་གཙང་ཆུ་འདི།།
རྒྱུན་ཆད་མེད་པར་རབ་ཏུ་བརྒལ།།

   རང་ཤག་ནས་འཕྲལ་མར་བྲིས།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*