འཇང་འཛུམ་ཟེར། ནང་ཆེན།
རི་ལུང་ཚང་མས་གསེར་མདོག་གི་ལྭ་བ་གྱོན་པའི་དུས་དེར།
གྱེན་དུ་འགྲེང་བའི་ཡལ་གའི་སྟེང་དུ།
ལོ་མ་དམར་པོ་ཞིག་ལྷེམ་གྱིས་འགུལ་དུས།
དེ་ནི་ངའི་སེམས་པ་གཡོ་ཚུལ་དང་མཚུངས།
སྟོན་རླུང་དལ་གྱིས་ལྡང་དུས།
ལྗོན་ཤིང་གི་འདབ་ལོ་རྣམས་ལྡིང་སྐོར་གྱིས་ས་ལ་བབས།
སླར་ཡང་ཕྱོགས་བཞིར་སྤུར་སོང་།
དེ་ནི་གདུང་བ་སྙིང་ལ་སིམ་པའི་མི་ཞིག་དང་གྱེས་པ་འདྲ།
ཆར་ཞོད་ཆེ་བའི་མཚན་མོ་དེར།
སྟོང་ཤིག་ཤིག་གི་གྲིབ་གཟུགས་དེ་རྒྱང་ནས་རྒྱང་དུ།
ཀྱག་ཀྱོག་གི་ལམ་ཕྲན་དེ་བརྒྱུད་ནས།
ཁུ་སིམ་ངང་དལ་གྱིས་བགྲོད་དུས།
དེ་ནི་ཤུགས་རིང་ནར་ནར་ངང་།
བློ་ཕམ་དང་ཡིད་འགྱོད་ཀྱི་ངང་ནས་བསྐྱོད་པ་དང་ཀུན་ནས་མཚུངས།
༢༠༢༡/༨/༡༥
མེ་ཏོག་ཚང་མ་ཡལ་སོང་།
མེ་ཏོག་ཚང་མ་ཡལ་སོང་།
རྒྱུ་མཚན་ནི།
དགུན་དུས་ལ་ཇེ་ཉེ་ཡིན་པ་ངས་ཤེས་ཡོད།
ཡིན་ནའང་། ངས་འགོག་མི་ཐུབ།
འཇིག་རྟེན་འདིའི་ཕར་རྒྱབ་ཅིག་ན།
རང་རང་ལ་འཇིག་རྟེན་གཞན་ཞིག་ཡོད།
གནས་འདིར་སྤང་སྔོན་པོ་ལག་མཐིལ་ཙམ་ལས་མེད་ནའང་།
ངས་དེ་ནི་མཛེས་ཤིང་ལྟ་ན་སྡུག་པའི་ས་ཆེན་ཞིག་ཏུ་རྩིས་ཡོད།
ཉིན་མཚན་མེད་པར། འགུལ་ཙམ་གྱིས།
ང་དང་ལྷན་དུ་འགྲོགས་འོང་བ་ནི་ཁེར་རྐྱང་གི་གྲིབ་གཟུགས་དེ་ཡིན།
སྐྱེ་འཆི་ཡི་ལ་མོ་འདི་མི་སུ་ཡིན་ནའང་བརྒལ་དགོས།
ཆེ་ཆུང་དང་བཙན་མཉམ་གྱི་ཁྱད་པར་མེད།
ལ་འདི་ཁེར་རྐྱང་གིས་བརྒལ་དགོས།
ཚུར་འོང་དག་ཀྱང་ཁེར་རྐྱང་ངང་འོང་བཞིན་ཡོད།
སྐྱེ་འཆི་གཉིས་ཀྱི་བར་མཚམས་འདི་ནས།
ང་ཆེས་ཐང་ཆད་དགོས་པ་ནི།
རང་ཉིད་རང་ཉིད་ཀྱི་མགོན་དུ་གྱུར་མ་ཐུབ་པས་ཡིན།
ཐང་ཆད་པའི་ཉི་མ་འདི་དག་ལ།
ངས་ངལ་གསོ་ཡིད་ཚིམ་པ་ཞིག་བྱེད་འོས་མོད།
ཡིན་ནའང་ང་ལ་དུས་ཚོད་མི་འདུག
༢༠༢༡/༨/༡༧ ཉིན།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།