སད་སྐལ།[གཅུང་པ།]
དེ་ནི་གཤིས་འཇམ་ཐུགས་དྲང་ཅན་ཞིག
མེ་ཏོག་དང་འཇའ་མཚོན་གྱི་དཔེ་རུ་བཞག་པས
སྐྱེ་བོ་གྲངས་མེད་ཅིག་གི་སེམས་སུ
མེ་ཏོག་དང་འཇའ་མཚོན་བཞིན
འཇིག་རྟེན་གྱི་མཛེས་པའི་མཐར་ཐུག་ཏུ་བསམ་ཡོད
དེ་ནི་གཤིས་འཇམ་ཐུགས་དྲང་ཅན་ཞིག
འཇམ་དཀྲོལ་རོལ་དབྱངས་ཤིག་དང་མཚུངས་ཏེ
ངག་འཇམ་པོས་ནང་སེམས་ཀྱི་སྐད་ཆ་རེ་འཆད་དུས
སྐྱེ་བོ་མང་པོའི་སེམས་པ་བསྒུལ་འགྲོ
དབྱར་ཁའི་ཆར་བ་དང་བསྡོངས་ནས
ཆར་རྗེས་ཀྱི་འཇའ་མཚོན་བཞིན
རང་གཤིས་འཇམ་པོ་དེ་ཕྱི་རུ་མངོན་པར་བྱས
དལ་ལྷོད་ཀྱི་གོམ་འགྲོས་དང
མཉོམ་དུངས་ཀྱི་ཆ་ལུགས་དེ་དག
འཇིག་རྟེན་གྱི་འཇམ་ཚོར་གཅིག་པུ་དེ་ཡིན་པས
ཆུ་མོ་བཞིན་ལྷོད་འཇམ་གཅིག་པུ་དེའང
བུ་མོའི་འཇམ་ཤ་ཡིན་ནོ
ཡང་ན དེ་ནི་སྙན་ཅིག་སྟེ
འོ་མ་ལས་ཞོ་ཆགས་པ་བཞིན
ཕྱི་ནང་གི་གཤིས་འཇམ་ཡོད་ཚད
ཀློག་པ་པོའི་མིག་ལམ་དུ
འཇམ་ཤིག་ཤིག་ཏུ་སྣང་བ་དེ་ཡིན
༢༠༢༡.༨ .༢༠ བརྩམས།
ཏཱ་ཞོའོ་རོལ་བའི་ཁྱོད་རང་།
ཉི་མའི་འོད་ཟེར
སྒེའུ་ཁུང་ནས་ཚུར་འཕྲོས་དུས
དུས་ཚོད་ནི
ཉིན་གུང་ལ་ཉེ་བ་འདུག
ཞོགས་པའི་མཁའ་དབུགས་དང
ཆུ་གཙང་བློ་གཙང་གི་སྐལ་ཁེགས་པའི
ཏཱ་ཞོའོ་རོལ་གྱིན་པའི་ཁྱོད་རང
གཉིད་ཀྱིས་དུབ་སྟེ
ཉིན་གང་པོར་སྒྱིད་ལུག་བཅས་འདས
ཏཱ་ཞོའོ་ནི
མིང་སྙན་མོ་ཟིག་གིས་གཟེངས་སུ་བཏེགས་ཡོད
མི་ཚོས་ཡིད་སྨོན་འཆོར་ས་ནི
བཏགས་མིང་ཙམ་མོ
སྐབས་རེ་འགའ་ཙམ
དེ་ཡང དུས་ཚོད་ཐུང་ཐུང་ཙམ་སྤྱད་དེ
ཡིག་རྫོང་ནང་མིག་གིས་རེག་ཙམ་བྱེད
དུས་ཚོད་གཞན་དག
འཆར་ཡན་དང་གསང་སྤྱོད་ཁོ་ནས་རྫོགས
ཟས་གོས་ཀྱི་ཆེད་དུ
ཕ་མ་དང་རྒྱང་དུ་གྱེས་ཏེ
ལང་ཚོའི་དུས་ཚོད་ཆུ་ལ་བསྟིམས
ཤོག་དངུལ་གྱི་དོན་དུ
ལང་ཚོ་དང་རིག་གནས
མི་ཚེའི་དོན་ཉིང་དང་བཅས་ཡོད་ཚད་བོར
ད་ལྟར
ཟླ་ཕོག་སྟོང་གི་ཆེད་དུ
རྫུན་གྱི་ཡིག་བརྙན་ལ་རྟོག་བཟོ་བྱས་ཏེ
སྐར་མའི་གྲངས་ཀ་ལ
སེམས་ཁྲལ་ལྷག་མ་ཞིག་གིས་མནར་ནས
སྟོང་འདང་གིས་སོ
༢༠༢༡ . ༤ . ༢༧ སློབ་གླིང་ནས།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།