ཟླ་བ་བརྒྱད་པའི་སྙན་ངག

                                            སྦྲང་ནག (དཀར་མཛེས།) 

འགྲོ་ན་རྟ་ཕོས་སྣ་སྦྲིད་རྒྱག་ཞོར་དུ། །

ལང་ཚོའི་ཟིལ་ཆུ་བསེར་བུའི་སྐྱོར་མ་ཡོད། །

སྙིང་གི་བྲེད་ཤ་བོགས་འདོན་གཡོ་སྐྱོམ་བྱེད། །

རྣ་འབྱོག་བརྩེངས་ཏེ་དཔལ་དང་སྟོབས་ཀྱིས་འགྱིང་། །

སྲབ་མདའ་ཁྲ་ཁྲ་མདུད་པ་ཟུར་གསུམ་ཅན། །

ལན་རེར་བཅིབས་དུས་ཡང་བསྐྱར་ཚགས་རེ་དམ། །

གྲུང་པོའི་མིག་གིས་རི་དྭགས་རྒྱུག་པ་མཐོང་། །

ཚོད་ཚོད་ཚོར་བའི་སྟངས་ཀ་འདྲ་མིན་མངོན། །

རྟ་ཐོག་སོས་དལ་བསྡད་དེ་ངེས་འབྱུང་སྒོམ། །

རྟོག་སྣང་སྐད་ཅིག་སྐད་ཅིག་ངུ་མ་དགོད། །

བསྐལ་བའི་གཅོང་རོང་བརྒལ་བའི་རྟ་ཕོ་ནི། །

ལོ་ཟླའི་གུར་ལ་ཆར་ཟིམ་གྱོན་ནས་ཟུག །

སྲ་ཞིང་གྲིམ་པའི་གདུང་གླུ་འདར་འདར་ལེན། །

སྲང་གི་མེ་ལོང་ཆ་མེད་གཅིག་པུར་ལུས། །

ཉི་འོད་མ་ཐེག་ཚོན་གྱིས་ཡོངས་སུ་བཀང་། །

སེར་ཁ་གས་པའི་སྒྲུང་ལ་ཆོ་འཕྲུལ་བསླངས། ། 

སྐྱེ་མཆེད་རེ་རེས་སྨིག་རྒྱུའི་རྩྭ་ཐང་ཉུག །

བཙའ་ལ་འབྱར་བའི་ལམ་ནི་ལམ་དང་འཕྲད། །

ཕྱོགས་འགྲུལ་མི་ཡི་རྐང་རྗེས་ལག་པས་བསུབ། །

འགྲོ་འོང་དུས་ཐུང་སྟོན་གྱི་སྡོང་ལོ་འཐོར། །

གླག་མོའི་སྡེར་གྱིས་གཤགས་པའི་ཐང་ཆེན་འདི། ། 

སྨྲ་བ་མེད་པའི་རྣམ་ཤེས་སྟོང་ཕྲག་གིས། །

མི་སྡུག་རླུང་རོ་བསལ་བའི་བརྡ་རྟགས་བཀོད། །

གདོང་གི་མེ་ཏོག་རྙིངས་ནས་ཡུན་རིང་འགོར། ། 

གྲིབ་མས་གྲིབ་མར་འཁྱུད་པའི་སྣང་བ་འདི། །

ཟླ་བ་འདྲ་ལ་ཉི་མ་དང་འདྲ་བ། །

གངས་ཀྱི་ལ་མོར་ཆས་པའི་རྟ་ཕོ་རེད། །

འཆར་ཡན་རྟ་ཕོ་འདྲོག་པའི་སྔ་ནུབ་ཏུ། །

སྟོན་རླུང་བསིལ་མོ་ཅུང་ཙམ་ཅུང་ཙམ་ལྡང་། །

ཟླ་བ་སྐྱོ་བའི་ཉམས་བཅས་བཤུམས་པ་དང་། །

ཆག་པའི་དཀར་ཡོལ་ཕྱེད་ཀ་གཉིས་སུ་གས། །

སྣང་བ་མཁའ་ཡན་རྟ་མཆོག་ག་འདྲ་གདའ། །

དགུང་ན་ལྡེམ་པའི་སྤྲིན་པ་ལེབ་མོ་དང་། །

ཕྱོགས་མེད་རླུང་བུ་ག་རེ་ཡིན་འགྲོ་ཨང་། །

ང་ཡིས་སྨྲེང་བ་ཁྱེར་ཏེ་རྟ་ཐོག་བུད། །

ཚོར་བའི་མལ་སྟན་བྲལ་ལ་གདུང་བ་ལྕི། །

རི་ཤོད་ཡུ་མོ་དག་ནི་སོམ་ཉིའི་ངང་། །

གར་ཆུང་འཁྲབ་ཀྱིན་ཡང་ཡང་རྒྱང་ནས་བལྟས། །

རྒྱང་ཐག་ཉེ་རིང་བར་གྱི་ཉི་ནུབ་བསུས། །

གཏམ་རྒྱུད་རུམ་པའི་ཕོ་རོག་ནག་ཆུང་ནི། །

མཁའ་མཐར་ཉུལ་ནས་ཟླ་བའི་ངོ་ལ་འབྲད། ། 

སྙིང་གི་ཚི་ལུ་ཁྱོད་ཀྱི་ཁེན་ཡ་ཡིན། །

ཞེན་པའི་བསླུ་བྲིད་འདི་གས་དེད་ཡོང་སྟེ། །

ཚོར་བའི་སྒེའུ་ཡོལ་ངོས་སུ་བཙེམ་པ་འདྲ། །

མཚར་སྡུག་དུས་ཀྱི་ཆུ་བོ་གྲོང་དུ་བྲུག །

མཇའ་ཚོན་འབུ་དང་གྲོག་མའི་སྟེང་དུ་ཤར། །

རྨི་ལམ་ཚིག་པའི་རྗེས་ཀྱི་ཉི་མ་ཡིས། །

འཇིག་རྟེན་བོར་བའི་སེམས་ཁྲལ་ཕར་ལ་བསྐྱལ། །

རྟོག་པའི་རྒྱལ་སར་ཆུ་རྡུལ་མང་པོ་འཁྲིགས། །

རྟ་ཕོ་ཡིད་ལ་བྱས་པའི་ངང་ཚུལ་ལོ། །

                            ༢༠༢༡ ༨ ༢༠

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*