དབྱངས་ཕྲ་མོ།

                                                      རྫ་ཤུལ་བློ་བཟང་།


རབ་དཀར་ངག་དབང་དབྱངས་ཅན་ལྷ་སྲས་མས། །

ཡེ་ཤེས་མེ་ལྕེ་མཁྱེན་གཏེར་ཆེས་ཆེར་མཆེད། །   

ཕུལ་བྱུང་ནུས་མཐུ་སྒྱུ་འཕྲུལ་རྟུལ་ཞུགས་འགྱུ། །   

གཟུགས་སྐུར་བསྟོད་དོ་བློ་གྲོས་ཡོངས་སྩོལ་མཛོད། །



ལེགས་བྲིས་ཡིད་འཕྲོག་པིར་གྱི་རྩེར་འཁྱུག་པའི། །

ཡིད་འཕྲོག་ཤེལ་གྱི་ལྕུག་ཕྲན་གསར་པ་ཡི། །

ལང་ཚོའི་འཛུམ་དཀར་ཟེའུ་འབྲུ་ལྷུག་པར་དགོད། །

སྙིང་ལ་ལེགས་བཤད་སྟོང་གི་བདུད་རྩི་འཕྱུར། །



མཚོ་བྱུང་ངག་གི་དཔལ་སྟེར་རིག་བྱེད་མས། །

བརྟན་གཡོའི་སྒྲ་དབྱངས་རྒྱ་མཚོའི་འཇིངས་ཆེན་དཀྲུག།

ཡང་སྙིང་ག་བར་དབང་པོའི་ལང་ཚོ་སྨིན། །

སྲིད་པའི་རྨོངས་མུན་འོད་ཀྱིས་གསལ་བར་མཛད། །



ངོ་མཚར་མེ་ཏོག་ཀུན་དཱའི་རྗེས་འགྲོ་བའི། །

པདྨའི་ཚལ་ནས་བརྙེད་པའི་ཡིད་འཕྲོག་མ། །

ཟླ་བའི་ཞལ་ནས་བཏོན་པའི་ཚངས་སྲས་མ། །

སྐལ་བཟང་མིག་གི་བདུད་རྩི་ཁྱེད་ཁོ་ན། །



འོ་མའི་མཚོ་གཏེར་ཀློང་ནས་གཟུགས་སྐུ་བལྟམས། །

རྣ་བ་བརྒྱད་པའི་མཆེ་བ་ལས་འཁྲུངས་ཞིང་།།

རྒྱལ་བའི་སྲས་མོ་ངག་གི་དཔལ་སྟེར་མ། །

དད་པའི་མདུན་ཁྲི་དབུས་ཀྱི་གཙོ་བོ་ཡིན། །



རབ་གསལ་མདངས་ལྡན་མ་འགག་ཡེ་ཤེས་ཀྱི། །

ཆུ་ཟླ་ཆུ་བོར་གསལ་བའི་སྣང་བརྙན་འཆར། །

རོལ་སྒེག་ཉམས་ལྡན་འགྱིང་བའི་ཚུལ་འཆང་ཞིང་། །

ལྷ་མོ་ཅུང་ཟད་ཞི་བའི་ཟོལ་གྱིས་བཞུགས། །



བསྐྱོད་པ་ཡངས་བའི་རབ་དཀར་ཆུ་འཛིན་གྱི། །

མྱོས་བུམ་འབུར་གྱི་དོད་པའི་ལང་ལོང་གཡོ། །

རྒྱུད་མངས་དཀྲོལ་བའི་ལེགས་བྲིས་སྐེད་མེད་མ། །

ལྷ་མོ་ཅུང་ཟད་ཕལ་བའི་ཚུལ་དུ་སྣང་། །



རབ་དཀར་ཞལ་ཀྱི་དཀྱིལ་འཁོར་ཤོག་དཀར་ངོས། །

སྨིན་མའི་རི་མོར་ལྡམ་ལྡེམ་གཡོ་བའི་ཚུལ། །

དཀྱུས་རིང་ཟུར་མིག་ཕྲ་མོའི་ཕྲ་བསྟབས་པའི། །

ལྷ་མོ་བདག་གིས་བྲིས་པའི་ཐང་ཀ་ཡིན། །



ཚེམས་ཕྲེང་ཤེལ་ཕྲེང་བརྒྱུས་པའི་དོ་ཤལ་གྱི། །

མཆུ་སྒྲོས་བྱུ་རུ་དམར་མོ་མདངས་འཕྲོ་བའི། །   

རིན་ཆེན་སྣ་ལྔས་རྒྱན་པའི་རྣ་ཆ་ཅན། ། 

ལྷ་མོ་རིན་ཆེན་ནོར་བུའི་གན་མཛོད་རེད། །



སིལ་སིལ་སྒྲ་ཡི་གདུབ་བཀོར་ཟུང་གིས་རྒྱན། །

རྒྱུད་སྟོང་འཕང་འགྲོ་བསྣམ་པའི་སྒེག་ལྡན་མ། །

གླུ་དང་གར་གྱི་བྲེལ་བའི་སྣང་ཚུལ་གྱིས། །

ལྷ་མོས་བདག་སེམས་སྡང་བའི་གནས་སུ་སྤྲད། །



ཞབས་རྐང་འཁྲི་ཤིང་ཟུང་གི་བསྐྱོད་པ་དང་། །  

རབ་དཀར་བརླ་ཤ་ཟུར་ཙམ་ངོམ་པ་ཡི། །

གཞོན་ཤ་རྫོགས་པའི་སྨན་ཤར་གཞོན་ནུ་མ། །    

ལྷ་མོས་བདག་ལ་འདོད་པའི་རྩ་བའང་བསྐྲུན། །



སྨིན་ལེགས་ལང་ཚོའི་རྣམ་འགྱུར་མངོན་པ་ཡི། །

དྭངས་གཙང་རྫིང་བུའི་ངོས་སུ་འཆར་བར་གསལ། ། 

ཡིད་ཟབ་འདབ་བརྒྱའི་གནད་རྩ་བཀྲོལ་བ་ཡང་། ། 

ལྐོག་ནས་མ་གཏོགས་ཇི་བཞིན་ངོམ་མ་སོང་། །



བརྩེ་བའི་ལས་ལ་གར་གྱི་རྣམ་པ་ཅན། །

རང་སེམས་དད་པ་མེད་ན་མ་རྟོགས་ཤིང་། །

བྱམས་ཀྱི་བསྐྱངས་བ་འཛུམ་པའི་ཚུལ་འཆང་བ། །

དང་བའི་རྩ་བ་མེད་ན་མཐོང་མི་སྲིད། །



མཚར་མཚར་རྒྱན་ཆ་སྣ་མང་མ་སྤྲས་པར། །

གངས་དཀར་མདངས་དང་འདྲ་བར་རབ་འཆར་བ། ། 

སྒྲ་དབྱངས་སྙན་པར་སྨྲ་མཁས་དབྱངས་ཅན་མས། །

ཐ་མལ་མ་དག་སྣང་བ་བྱམས་པས་བསྐྱངས། །


༢༠༢༡/༨/༡

Be the first to comment

Leave a Reply

Your email address will not be published.


*