གོ་ཁྲབ་ཉི་མ། འཇོ་མདའ།
ཀ་དག་གདོད་མའི་རང་བཞིན་ངག་གི་རྩལ། །
འབད་མེད་ལྷུན་གྲུབ་མགྲིན་པའི་དབུས་སུ་རྫོགས། །
སྣ་ཚོགས་སྤྲུལ་པས་གདུལ་བྱ་འདུལ་མཛད་པའི། །
ཤེས་རབ་ལྷ་མོས་དབྱངས་ཀྱི་སྤོབས་པ་སྩོལ། །
སྙན་སྙན་ཚིག་གིས་ཐ་སྙད་མ་བརྩིགས་ཤིང་། །
མཛེས་པའི་ཚོན་གྱིས་རི་མོ་མ་འཐེན་མོད། །
རང་བྱུང་སྲིད་དང་ཞི་བའི་མཛེས་སྡུག་ཀུན། །
ཁྱེད་རང་ཁོ་ནའི་གཟུགས་སུ་འཕོས་པ་ལགས། །
དར་ཟབ་གོས་ཀྱིས་རྒྱན་པའི་ཡིད་འཕྲོག་ལྷ། །
མི་ཤིགས་སྙིང་ཁ་པད་འདབ་རྒྱས་པའི་དབུས། །
མང་མང་བསྒོམས་པས་གོམས་པ་མཐར་ཕྱིན་ཏེ། །
འབད་མེད་ངག་གི་ལྷུན་འགྲུབ་འབྱུང་བར་ཤོག །
དུས་གསུམ་སངས་རྒྱས་ཀུན་ཀྱི་སྙིང་རྗེའི་གཟུགས། །
གཅིག་བསྡུས་འདོད་དགུ་ལྷུན་གྲུབ་དབྱངས་ཅན་མ། །
གདོད་མ་ནས་ཀྱང་ཉམས་ཐག་འགྲོ་བའི་ཡུམ། །
ཁྱེད་ཉིད་ལས་གཞན་སུ་ཡང་ཡོད་མ་ཡིན། །
གནའ་དེང་ཤེས་བྱའི་མེ་ཏོག་འཐུ་མཁས་པའི། །
འཕགས་བོད་ངག་རིག་སྨྲ་བའི་མཁས་རྣམས་ཀྱི། །
སྙིང་གི་བདུད་རྩིར་གྱུར་པ་གང་ཉིད་ནི། །
རི་བོང་འཛིན་པ་དབྱངས་ཅན་དགའ་མ་ཉིད། །
བསླུ་བྲེད་ཚིག་གི་ལྕགས་དཀྱུས་མི་ཟིན་ཞིང་། །
ཀུན་རྫོབ་འབྱོར་བས་མཇལ་ཁ་མ་ལོན་ཡང་། །
དད་འདུན་ཡིད་ཀྱི་མཆི་མ་རློན་པ་ཡིས། །
ལས་ཅན་བུ་ཡིས་བག་མ་བསུས་ཀྱང་ཆོག །
རྒྱ་བོད་རིས་མེད་སྐྱ་སེར་འགའ་ཞིག་གིས། །
མཐོང་ཐོས་རེག་སོགས་མང་དུ་མྱོང་ཚུལ་དེ། །
རྨི་ལམ་ཙམ་དང་ཡང་ན་འཁྲུལ་ཤེས་ངོར། །
རབ་རིབ་སྐྲ་ཤད་བཞིན་དུ་ཤར་བ་མིན། །
མཐོན་པོ་འཆི་མེད་གྲོང་ན་ལྷ་མོའི་ཚུལ། །
རབ་མཛེས་ཟླ་བའི་གདན་ལ་ཁྱེད་ཉིད་བཞུགས། །
དམའ་མོ་ཟླུམ་གཟུགས་གོ་ལའི་ལྟེ་བ་ན། །
སོ་སྐྱེས་འགྲོ་བའི་ཚུལ་དུ་ཁྱེད་རང་གནས། །
དབུལ་ཕྱུག་སོགས་ཀྱི་ཁྱད་པར་མི་བསམ་པར། །
མ་བཅོས་གཉུག་མའི་སེམས་སུ་ཁྱེད་ཉིད་འཁྲུངས། །
མཆོག་དམན་ཀུན་ཀྱི་རེ་བ་འགྲུབ་བའི་དོན། །
མ་ངེས་སྣ་ཚོགས་སྤྲུལ་པས་སྲིད་ཞི་སྐྱོང་། །
ཁྱེད་ནི་ཉམས་ཐག་འགྲོ་བ་བསྐྱབ་པའི་སླད། །
མི་བཟོད་བརྩེ་བའི་རླབས་ཕྲེང་དགུང་དུ་འཕྱུར། །
སུ་ཡི་སེམས་ལ་དད་འདུན་གཙང་མ་ཡི། །
མེ་ཏོག་པད་དཀར་འཛུམ་པ་དེ་ལ་དགྱེས། །
དར་འཇམ་གོས་ཀྱིས་སྤྲས་པའི་སྒྱུ་མ་འཕྲུལ། །
བྱིས་པའི་ཆུ་བུར་མིག་གིས་མཐོང་ཚུལ་དེ། །
བེམ་པོའི་འདྲ་གཟུགས་མཐོང་བ་དེ་ག་ཡིས། །
ང་ལ་འགྲེལ་བཤད་མ་གནང་དབྱངས་ཅན་ཀྱེ། །
ཨེ་མ་མཚར་སྡུག་ངག་གི་རྒྱལ་བའི་ཡུམ། །
ཚུར་མཐོང་བློ་ཡི་དྲི་མས་རབ་གཡོར་ཡང་། །
མོས་གུས་ཉིད་ཀྱིས་ལན་གཅིག་ཐོབ་པ་ཡིས། །
གྲྭ་རྐྱང་གཞོན་ནུའི་ངག་གི་རམ་འདེགས་མཛོད། །
ཡང་དག་ལམ་དུ་ཞུགས་པའི་དགེ་སྦྱོང་གི། །
ཕྱིར་མི་བཟློག་པ་དད་པའི་ཀློང་ཡངས་ནས། །
ཆགས་བྲལ་ཤེལ་གྱི་མེ་ཏོག་འཛུམ་ཙམ་གྱིས། །
ཚེ་རབས་འབུམ་གྱི་རྨོངས་པའི་མུན་པ་སོལ། །
མི་འགྱུར་སྤྱི་གཙུག་བདེ་ཆེན་ཕོ་བྲང་དུ། །
ངས་ནི་རིག་བྱེད་གཏམ་གྱིས་ཁྱེད་མི་བལྟམས། །
འདི་ནས་བྱང་ཆུབ་སྙིང་པོ་མ་ཐོབ་བར། །
སྐད་ཅིག་ཙམ་ཡང་འབྲལ་མེད་རྗེས་བཟུང་ཤོག །
2021 8 8
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།