སྒྱུ་འཕྲུལ་གྱི་ལྷ་མོ་དབྱངས་ཅན་མ་བྲིས་པ།

                                            གོ་ཁྲབ་ཉི་མ། འཇོ་མདའ།

དེ་རིང་ཁོ་བོས་ལས་བྱ་དཀར་པོ་བྲིས། །

འཁོར་བའི་མཚོ་ལ་དྲི་མ་མེད་པ་བྲིས། །

འདོད་པའི་ཕུན་ཚོགས་དེ་ནས་བྱུང་བ་བྲིས། །

ཁྱོད་ཉིད་མཛེས་པའི་པད་སྡོང་བཞད་པ་བྲིས། །

 

པདྨའི་སྡོང་ལ་ཟླ་བའི་བཞིན་རས་བྲིས། །

སྤྱན་མིག་ཟུང་ལ་ར་ཡིག་གཉིས་པ་བྲིས། །

དེ་ལ་སྨིན་མ་ཐང་སྨུག་གཤོག་པ་བྲིས། །

རྟག་ཏུ་དགའ་བའི་བུ་ལ་གཡོས་པ་བྲིས། །

 

མཁུར་ཚོས་རབ་མཛེས་པདྨ་ཟུང་འཇུག་བྲིས། །

དམར་འབར་མཆུ་ནི་བྱུ་རུའི་མདངས་ཤིག་བྲིས། །

ལྗགས་ནི་དཔལ་གོས་དམར་པོའི་འདབ་མ་བྲིས། །

ཚེམས་ནི་གངས་རི་བསྟར་ལ་བརྒྱུས་པ་བྲིས། །

 

བྲང་གི་ནུ་འབུར་ཤེལ་གྱི་བུམ་པ་བྲིས། །

ལང་ལིང་གཡོ་བ་སྤྲིན་པའི་ཁ་དོག་བྲིས། །

འཆི་མེད་བདུད་རྩིའི་བཅུད་ཀྱིས་གང་བ་བྲིས། །

ལས་ཅན་སྐལ་ལྡན་བུ་ལ་བླུད་པ་བྲིས། །

 

མགྲིན་པ་སྲིད་ཞིའི་སྙན་པའི་དཔེ་ཞིག་བྲིས། །

སེམས་པ་གངས་ལ་ཟླ་འོད་ཕོག་པ་བྲིས། །

བརྩེ་བ་དལ་མེད་ཉལ་འགྲོའི་ཕྱི་ཐག་བྲིས། །

གཤིས་ཀ་གཡང་མོ་ལུག་གི་བལ་ཞིག་བྲིས། །

 

ཇི་ལྟ་ཇི་སྙེད་གཟིགས་པའི་ཡེ་ཤེས་བྲིས། །

རབ་མཛེས་ལྷ་མོ་སྟོང་གིས་བསྒྲུན་མེད་བྲིས། །

མི་མཇེད་འཇིག་རྟེན་ཁམས་ཀྱི་མཛེས་པ་བྲིས། །

གཅིག་ཏུ་བསྡུས་ཏེ་ཁྱེད་ལ་ཐོབ་པ་བྲིས། །

 

པདྨའི་ཐོག་ན་ཟླ་བའི་གདན་ཞིག་བྲིས། །

དེ་ཡི་ཀློང་ན་ཁྱོད་རང་བཞུགས་པ་བྲིས། །

རིན་ཆེན་འཇའ་མཚོན་སྣ་ལྔའི་དར་ཟབ་བྲིས། །

འཕགས་མ་ཁྱོད་ཀྱི་སྐུ་ལ་གསོལ་བ་བྲིས། །

 

བརྒྱད་གཉིས་ལང་ཚོ་ཚངས་པའི་པིར་གྱིས་བྲིས། །

སར་གནས་དཔའ་པོའི་ཡིད་དབང་འཕྲོག་པ་བྲིས། །

སྙན་ངག་མཁས་པ་ཡོངས་ཀྱི་ལྷ་མཆོག་བྲིས། །

དབྱངས་ཅན་ལྷ་མོ་བདག་མགྲིན་ཁབ་ཏུའང་བྲིས། །

 

ཡིད་འོང་ལང་ཚོ་སྙིང་དུ་སྡུག་པ་བྲིས། །

དགའ་དུང་སྣང་བས་རྨི་ལམ་དཀྲོགས་པ་བྲིས། །

སྙན་ངག་ཚིག་གིས་བཞེངས་པའི་ཕོ་བྲང་བྲིས། །

ང་རང་ཁྱོད་ལ་དད་པ་ཆེ་ཚུལ་བྲིས། །

 

ཀུན་གསལ་རྡུལ་བྲལ་སྟོན་མཚན་བསིལ་བྱེད་བྲིས། །

ལན་བརྒྱ་ལྷུང་ལྟར་སྒེག་མོའི་ཞལ་ཁྱིམ་བྲིས། །

དྲན་འཛིན་དབང་པོའི་ངོས་སུ་ཟགས་པ་བྲིས། །

མི་བཟོད་དད་པས་ཁྱོད་ལ་འཁྱུད་པ་བྲིས། །

 

ཆུ་སྐྱེས་འབུམ་གྱི་མཛེས་པའི་སྙིང་པོ་བྲིས། །

ཕྱོགས་གཅིག་བསྡོམ་ཡང་ཁྱོད་ལ་ཟླ་མེད་བྲིས། །

ཕལ་བའི་མིག་ལ་ཁྱོད་ཀྱི་མཛེས་སྡུག་བྲིས། །

དད་པའི་སྤུ་ལོང་ལན་མང་གཡོས་པ་བྲིས། །

 

འགྲོ་བ་མཐའ་དག་ཁྱོད་ལ་དགའ་བ་བྲིས། །

ང་ཡང་འགྲོ་བའི་གསེང་ན་ཡོད་པ་བྲིས། །

ཁྱོད་ལ་རབ་ཏུ་དགའ་ནས་མྱོས་པ་བྲིས། །

ཡེ་ནས་མ་གཡོས་མི་གཡོ་བརྟན་པ་བྲིས། །

 

ཁྱོད་ལ་དང་བ་ས་ཆེན་པང་བཞིན་བྲིས། །

དྲན་པའི་གདུང་བ་ས་སྲོད་སྨག་ལྟར་བྲིས། །

འདི་ནི་ཁྱོད་ཉིད་ཁོ་ན་དྲན་པ་ཡིས། །

རྒོངས་མོར་ལྷ་ཁྱོད་བྲིས་པའི་བདེན་དཔང་ཡིན། །

                                  2020 ལོའི་བོད་ཀྱི་ལོ་སར་ཚེས་2ཉིན།

Be the first to comment

Leave a Reply

Your email address will not be published.


*