ང་ཡི་ཕ་ཡུལ།

                                                                 ནམ་ཤེས།     (དཀར་མཛེས)

ཕ་ཕུལ་དྲན་པ་སངས་ཐབས་དབེན་པས་གནམ་མཁའི་མཐོངས་ལ་བལྟས་པའི་ཚེ།།

ཉ་གང་ཟླ་བའི་ཞལ་ལ་འཁྱུད་པའི་རི་བོང་གཟུགས་ཀྱི་སྐྱེ་འགྲོ་དང་།།

དྭངས་གཙང་མེ་ཏོག་མགོ་ལྕོག་ལྡེམ་པའི་ཡིད་འོང་འགྱིང་བག་མཐོང་བ་ན།།

རང་བྱུང་གཤིས་ཀྱི་དྲི་མ་འཐིབས་པའི་རྩྭ་ཐང་ཡངས་མོའི་དཀྱིལ་འཁོར་རུ།།

རུ་སྡེ་ཁྲ་མོ་མུ་ཏིག་ཟོལ་གྱིས་ཁྱེད་ཀྱི་པང་དུ་འཛུམ་པ་དང་།།

རྟ་མཆོག་ནོར་གནག་གཡང་དཀར་ལུག་ཁྱུ་ཐང་མར་བརྡལ་བའི་མཛེས་དཔལ་སོགས།།

དྲན་པའི་གཏིང་དུ་ཝ་ལེར་འཆར་ཞིང་ཡིད་ཀྱི་དྲན་གདུང་སེལ་བར་བྱས།།

རྨི་ལམ་ནང་ནས་རླུང་བུ་ལྡང་བའི་མེ་ལོང་ངོས་སུ་ཅེར་བ་ན།།

ཚན་རྩལ་རིག་པའི་འགྱུ་བག་རྒོད་པ་ནམ་མཁའི་གློག་དང་འདྲ་ན་ཡང་།།

ནག་ནོག་བྲལ་བའི་རེ་སྦྲ་སྨུག་པོ་དུ་སྨུག་ལོང་ལོང་སྔ་ལྟར་དུ།།

འཛམ་གླིང་དབུས་ཀྱི་ཏི་སེའི་འཁྲིས་སུ་ལྷུང་ལྷུང་བཞུར་བའི་ཆུ་ཕྲན་མཉམ།།

གྲགས་པའི་མུ་ཁྱུད་སྲིད་མཐར་བསྲིངས་པའི་སྙན་པའི་བ་དན་འཕྱོ་བ་དང་།།

འདོ་བ་རྟ་ཡི་རྨིག་སྒྲ་འབུམ་གྱི་རྔམ་བརྗིད་འབར་བའི་སྟངས་ཀ་སོགས།།

གཟུགས་མེད་སེམས་ཀྱི་རྣ་བར་ལྷུང་བའི་བདེ་སྐྱིད་དབྱངས་ཀྱི་རུ་མ་ཡིན།།

དགུན་གསུམ་ཙག་གིས་མཆེ་གཙིགས་བརྡར་བའི་དུས་རབས་ཤིག་གི་དབལ་ཁ་རུ།།

བུ་ཡུག་རྒོད་ཀྱང་ས་ཆེན་འདི་ཡིས་འབྲོང་ཁྱུ་དྲན་པའི་བརྩེ་བ་་དང་།།

གངས་རིའི་དབུ་རྩེས་ནམ་མཁའ་བཏེགས་པའི་དཔའ་ངར་རེ་རེ་མཐོང་བ་ན།།

བརྟན་གཡོ་མེད་པའི་རིན་ཆེན་སྣོད་བཅུད་དྲོད་ཀྱིས་ལྟེམས་པའི་མེ་ཐབ་བཞིན།།

ལུས་སེམས་འདི་ཡི་ཕྱི་ནང་གསང་གསུམ་མ་ལུས་ཡོངས་སུ་དྲོས་པ་དང་།།

གོ་ལ་འདི་ཡི་སྒལ་གཞུང་སྟེང་ནས་བྱམས་བརྩེའི་སྙིང་བཅུད་ལྡང་བ་སོགས།།

ཡིད་སེམས་དགྱེས་པའི་གླུ་སྒྲ་ལོས་ཡིན་ང་ཡི་གངས་ལྗོངས་ཕྱུག་མོ་ལགས།།

པིར་མིང་།   ནམ་ཤེས།

Be the first to comment

Leave a Reply

Your email address will not be published.


*