ང་སྙན་ཚིག་མགུར་ལ་ཐོགས་པ་མེད། 

             སྦྲང་ནག (དཀར་མཛེས)
སྨུག་པས་བཏུམས་པའི་ལམ་གྱི་སྣེར།།
སྐར་མའི་མིག་ཆུ་ཤོར་དུས་སུ།།
མཚོ་མཐའི་གྲུ་ཆུང་ནང་གི་མིས།། 
སྔར་བཞིན་སྙན་ངག་མེ་ཁ་གསོས།།
གཤོག་པ་རྨས་པའི་བྱིའུ་ཆུང་གིས།།
ཚོར་བའི་རྟ་ཁ་ལྷོད་དེ་སྡོད།།
ཉན་སྒུག་ཡུད་ཙམ་བྱས་པ་ན།།
སེམས་ཀྱི་གཙང་ཆུ་བཞུར་མགོ་ཚུགས།།
བྱ་བརྒྱའི་ཚང་དུ་གནས་བཅས་པའི།།
པདྨའི་མེ་ཏོག་ཁ་དོག་འགྱུར།།
མཁའ་མཐའི་ཟླ་བ་སྐྱོ་ཉམས་ཀྱིས།།
འབྲོག་སྟོང་ཡུལ་དུ་གཅིག་པུར་འཛུལ།།
ལོ་ཟླའི་མདུན་དུ་ཁོ་བོ་ཡི།།
ཉི་ཟླ་ནོར་བུ་ལག་གིས་བཟུང་།།
མི་ཡུལ་བྱེ་མའི་རྫིང་བུ་ནང་།།
ཚེ་ཡི་མར་མེ་བསྒྲོན་པར་བྱ།།
འབྲོག་དགོན་པང་དུ་རྒྱུ་བའི་རླུང་།།
སྨིན་དྲུག་རི་ལ་ལྡང་བའི་ཚེ།།
བྱ་ཁྱུ་དག་ཀྱང་གཉིད་ལས་དཀྲོགས།།
གཤོག་འགྱུར་རླུང་ལ་ཡང་ཡང་བརྡར།།
ལྷ་སའི་ལུང་པའི་དབུས་མོ་ལགས།།
ཁྱེད་ཀྱི་མིག་ཟུང་འགྱུ་ཙམ་གྱིས།།
སྣང་བ་དར་སྐུད་གང་སར་ལྡེམ།།
རྫུ་བག་གཤིས་ཀྱི་མཛེས་སྡུག་མཐོང་།།
སྤྲིན་གྱི་རྒྱ་མཚོའི་བྲང་གཞུང་དུ།།
ལག་པ་བཞག་པའི་ཚུལ་གྱིས་ནི།།
ཟླ་བའི་འོད་ཟེར་རབ་བཙགས་ཏེ།།
སྙན་ཚིག་མེ་ཏོག་ཅི་དགར་བཏུས།།
ལྷོ་ནུབ་དབེན་པའི་བྲག་ཕུག་ནས།། 
ཏིང་འཛིན་མལ་གྱི་རྨི་ལམ་དུ།།
ཕོ་རོག་སྨྱོས་པའི་ཀུ་ཅོ་ལ།།
འཆི་མེད་རིལ་བུ་ཡོད་པ་བཤད།།
ལས་སྣང་རི་བོའི་ཉག་ག་ལ།།
བགྲེས་སོང་ཞིག་གིས་ཁང་པ་བཟོ།།
སྒོ་ཁང་སྲུང་བའི་ཁྭ་ཏ་ཡིས།།
སྒྱུ་མའི་གླིང་བུ་དལ་བུར་འབུད།།
༡༠
ཚེ་རབས་སྟོང་གི་ཕ་རོལ་ནས།།
ལང་ཚོའི་གྲུ་གཟིངས་ལ་བཀལ་བའི།།
རེ་བའི་སེམས་པ་སྡུག་གིས་བཟུང་།།
ཡངས་བའི་ས་ཆེན་གདུང་བ་སྤུངས།།
༡༡
སྐར་ཚོགས་དགུང་དུ་ཞོགས་ཞོགས་ཏེ།།
འཁོར་བའི་ལན་ཆགས་གདན་དུ་བཏིང་།།
ཁྲེལ་དང་ཕྱི་ཐག་ཁུར་ན་ཡང་།།
རྒྱང་རིང་ཡུལ་ནས་བཤུམ་དགོས་བྱུང་།།
༡༢
ང་ལ་དྲོད་འཇམ་ཡུར་ཆུ་འདྲེན།།
བྱམས་པའི་མིག་མདངས་གསལ་བ་ཡིས།།
སྲིད་པའི་གྲོང་སྒོ་འོད་ཀྱིས་བཀྲུས།།
བརྩེ་བ་མཐོན་པོའི་སྒང་ལ་འཛེགས།།
༡༣
ཨ་སྔོན་དབྱིངས་སུ་སྒེའུ་ཁུང་བཏོད།།
སྒེའུ་ཁུང་ཕྱི་ཡི་དར་ལམ་སྟེང་།།
གནས་བརྟན་དྲང་སྲོང་ཚུར་ལ་ཕེབས།།
མི་དགེའི་མེ་ཡི་ཚ་གདུང་བསྲེགས།།
༡༤
ཡི་གེའི་ཆར་ཟིམ་སྲིང་བའི་ཟོམ།།
ཚོར་རྟོག་ཡིད་ཀྱི་ཁ་བས་བཀང་།།
དགའ་སྐྱོ་འཐུ་བའི་ཕྱེ་ལེབ་ཀྱིས།།
གཞས་ཆུང་བདེ་མོ་ངག་ལ་བླངས།།
༡༥
དཀར་པོ་འོ་མའི་རྒྱ་མཚོ་འཐུང་།།
མངར་མོ་བུ་རམ་ལྕེ་ཡིས་ལྡག།
མ་སྐྱེས་ཨ་མའི་སྐུ་བདེ་ལེགས།།
ཆུང་འདྲིས་ལོ་ཆུང་ཐུགས་བདེ་ལེགས།།
༡༦
ཨ་མའི་བཞིན་ལ་མིག་གིས་བལྟས།།
སྙིང་གཏམ་ཀློང་ནས་ཉི་མ་ལྡེ།།
ཉི་ཟླའི་འོད་ཀྱིས་མི་སེམས་དྲོས།།
ཨ་མའི་འཇིག་རྟེན་ཉུལ་ནས་འགྲོ།།
༡༧
ལས་ཀྱི་འབབ་ཚིགས་དེ་ག་ནས།།
ཨེ་འཕྲད་བསམ་ཡང་འཕྲད་པ་མེད།།
བཙལ་ཡང་རྙེད་པ་མི་འདུག་པས།།
ལས་ལ་འཁང་ར་བྱེད་དགོས་བྱུང་།།
༡༨
རྒྱུས་མེད་མི་ཡི་ལུང་པ་འགྲིམ།།
གསོལ་འདེབས་སྨོན་ལམ་ལྷ་ལ་བཅོལ།།
སྤྲིན་པ་གདུགས་སུ་འཁོར་འཁོར་འདུག།
ངོ་མཚར་རི་ལུང་སེམས་ཀྱིས་མྱོང་།།
༡༩
འཆར་ཡན་རྩིག་པ་རྩིག་ཞོར་དུ།།
ཚོར་བའི་རྣོ་སྦྲེང་སྒུལ་ཙམ་བྱེད།།
ངག་གི་ལྗོན་པ་འགུལ་ཙམ་བྱེད།།
དབྱངས་ཀྱི་ཤེ་འུ་རྒྱ་ལས་གྲོལ།།
༢༠
ཞི་བའི་གནས་ལ་འཁྲིད་པའི་གླུ།།
འབྲུག་སྒྲ་ལྟར་དུ་གྲགས་ནས་ཡོང་།།
བློ་ནི་ཡན་པའི་གུར་གྲོང་དུ།།
སྙན་མོའི་སྒྲ་ཡིས་ཁྱབ་པར་བྱས།།
༢༡
སྲོད་ཀྱི་མཆན་ལ་བཅུག་པའི་མི།།
མཚམས་སྤྲིན་འོག་ཏུ་ཆུང་ཚུགས་བཟུང་།།
སྣང་བ་སིང་སིང་སྟངས་སྟབས་ཀྱིས།།
ཞེ་འདང་ལས་མཐུན་སྣང་དོགས་བྱེད།།
༢༢
ཆགས་པ་འགུག་པའི་གསང་སྔགས་ཀྱིས།།
དབུགས་མ་ཕྱུང་རྣམས་དབུགས་དབྱུང་པས།། 
ནགས་ཀྱི་བདག་མོ་ཁྱེད་ལ་སྟེར།།
བུང་བ་གཞོན་ནུས་བདག་གིར་བྱས།། 
༢༣
ལྷ་ཡི་ཁམས་ཀྱི་སྐར་ཚོགས་དང་།།
ལག་པའི་ནང་གི་རི་མོ་གཉིས།།
གནམ་སའི་སོལ་བ་སྒོང་ཚུལ་དང་།།
སྡིག་པའི་བསྔོ་ཡིག་སྦྱར་ཚུལ་འདྲ།།
༢༤
ལུས་སེམས་ངལ་བ་སྤངས་པའི་ཁྲོད།།
ང་ནི་ཁྱེད་ཀྱི་གམ་དུ་ཡོད།།
འདི་ནས་གྱེས་ཏེ་བུད་སོང་ཡང་།།
གཏན་གྱི་འདུན་མས་འུ་གཉིས་སྦྲེལ།།
༢༥
འཚོ་བའི་སྨུག་ཟམ་རིང་མོའི་ནང་།།
མཚན་ཐུན་སྟོང་གི་གཏམ་རྒྱུད་འདུས།།
འགྲོ་འོང་རྩེན་པའི་འདམ་གྱི་ནང་།།
རྒ་བའི་ཉི་མས་འོད་ཐིག་འདྲེན།།
༢༦
ཇོ་དང་སྐུ་ལྕམ་གང་ནས་ཕེབས།།
སྐུ་ཡི་ངལ་བ་མྱོང་ལགས་སམ།།
སྤྱན་གྱི་མེ་ཏོག་ཡག་པ་ལ།།
ཞལ་ལ་འཛུམ་ཆུང་གྲོལ་ནས་འདུག།
༢༧
གཡུ་ཐོག་ཟམ་པའི་ཕར་ནང་ནས།།
དགོང་ཀའི་སྤྲིན་རྒྱབ་ཉི་མ་ཡིབས།།
གངས་འདབས་གཞོན་ནུ་མ་ཞིག་གིས།།
མཚར་སྡུག་ཁྲུས་ཆབ་གཏོར་བཞིན་ཡོང་།།
༢༨
ལྷོ་ཤིང་སྨྱུག་མའི་རྒྱ་རྫོང་དུ།།
བྱ་ཕོ་དག་གིས་ཨོང་བ་རྒུམ།།
སྒྲ་སྐད་སྣ་ཚོགས་འབྱིན་པ་དང་།།
མཉེན་མོའི་ལག་ཟུང་ཤིག་ཤིག་འགུལ།།
༢༩
ཡིད་འོང་གསེར་གྱི་ཡི་གེ་དེ།།
ཇོ་མོ་ཟླ་ཤེལ་རི་རྩེར་བྲིས།།
ཆུ་ནང་ཟླ་བས་ལན་མང་སྤྲུག།
ངང་བ་སེར་པོའི་འདར་སྐྱོམ་བྱེད།།
༣༠
ནམ་ཟླ་སྟོན་ཀའི་ལྟེ་བ་ན།།
ཤྭ་རྐྱང་མ་བུས་རྩེད་འཇོ་རོལ།།
མི་སྡུག་དྲན་པའི་རི་ཁུད་ནས།།
རྟེན་འབྲེལ་རི་མོ་ཅི་ཡང་འབྲི།།
༣༡
ཕུན་ཚོགས་སྤྲུལ་བའི་སྟོན་མོ་འགྱེད།།
དུས་བཞིའི་པད་མོའི་ངོས་སུ་གཡོ།།
ལས་སྐལ་ཟོལ་མེད་རང་སར་བཞག།
མཛེས་པའི་ཚལ་ན་གླུ་དབྱངས་སྒྲོག།
༣༢
ཞོགས་པའི་སྐྱ་རེངས་མ་ཤར་སྔོན།།
སྔོ་བསངས་ནམ་མཁས་དར་ཚོན་བརྡབས།།
མིག་ལས་བརྒལ་བའི་ཡུལ་ལྗོངས་ལ།།
རྗེས་ཆགས་ཚོན་གྱི་ཁ་དོག་བསྒོས།།
༣༣
སྙིང་ཁར་དོད་པའི་ཨ་ཡིག་གིས།།
ཚོགས་དྲུག་ཀུ་མུད་དགོད་པར་བྱེད།།
མཚར་དུ་འཛིན་པའི་ལྷ་ཚོགས་ལགས།།
ངལ་ཚུལ་འདི་ལ་ཅི་ཞིག་བྱ།།
༣༤
སྲིད་པའི་སྒང་གཤོང་ཀུན་བགྲོད་པའི།།
ལྷ་སའི་རླུང་པོ་ལྡང་མ་ཐག། 
སྡོང་པོའི་ཚོགས་ཀྱང་རྗེས་སུ་འགྲོ།།
རྩྭ་རྩེའི་མགོ་བོ་གུག་གུག་བྱེད།།
༣༥
མ་བཅོས་ཐ་སྙད་དུ་མའི་གསེང་།།
བརྡ་རྟགས་ལག་པས་བཅུས་ཏེ་གཏད།།
རྣམ་ཤེས་ངོས་ཀྱི་བདག་མོ་ཡིས།།
ཟུར་མིག་དྲན་པའི་མཚོ་ཁར་འཕངས།།
༣༦
ཉི་མའི་ཕོ་བྲང་མཇལ་བའི་རྗེས།།
ཨ་ཁུ་བགྲེས་པོས་ཕྱག་རྒྱ་བཅའ།།
མིག་ནང་ཆུ་རིས་ཉུང་ཙམ་འཁྱིལ།།
གདོང་ལ་སྐྱོ་ཉམས་ཅུང་ཙམ་མངོན།།
༣༧
ཚེ་མདུད་སེར་པོ་ཉར་བའི་རིང་།།
ཉམས་ཉེས་སྟོན་གྱི་བ་མོས་གཡོགས།།
མཁར་གྲོང་འདྲ་བའི་འཇིག་རྟེན་ན།།
དགའ་སྐྱོ་ཁེར་འཕུར་གཉིས་འཕུར་རེད།།
༣༨
ཟིན་མེད་རྟོག་འགྱུའི་སྐར་མདའ་རྒྱུག།
ཡལ་མེད་སེམས་འགྱུའི་ཝུ་བ་བརྡོལ།།
གསལ་ལ་མི་གསལ་ཟོལ་གྱིས་ནི།།
མཆུ་ཏོས་གྲོ་ཟན་འགའ་ཞིག་གཙགས།།
༣༩
ང་ཡིས་སྙན་ཚིག་རིང་མོ་མགུར།།
ཁྱེད་ཀྱིས་སྨྲ་བ་བསྡམས་ནས་ཉོན།།
འུ་གཉིས་རླུང་བུས་སྐྱེལ་མ་བྱེད།།
ཚོར་བའི་རྒྱལ་སར་གཤེགས་པར་བགྱི།།
                     ༢༠༢༡ ༨ ༣༠ ཉིན་གྲུབ། 

Be the first to comment

Leave a Reply

Your email address will not be published.


*