རྒོད་ནག་པོ། དཀར་མཛེས།
དམར་བོ་བྲག་དམར་ཐོག་གིས་གཏོར་འདྲའི་མེས་པོའི་ལོ་རྒྱུས་ཀློག་པའི་དུས། །
རྒྱ་མཚོའི་རླབས་ཀྱིས་ཐལ་བར་བརླགས་འདྲའི་ཕ་མཁར་བཤིག་རོ་མཐོང་དུས་དང་། །
སེམས་ལ་བཟོད་བྲལ་བསྔལ་བ་སྐྱེས་ནས་སྤྱན་ཆབ་གང་སར་དྲུལ་བའི་དུས། །
ཡིད་ལ་རྨ་ཁའི་ན་ཟུག་ལྡང་ངམ་ང་ཡི་གྲོགས་པོ་གླག་རྒོད་ཀྱེ། །
སྦྲ་ནག་ཀ་བརྒྱ་ཕུབ་པའི་ངོགས་ནས་ནམ་མཁའི་ཉི་ཟླ་མཐོང་དུས་དང་། །
གེ་སར་རྒྱལ་བོའི་གཏམ་རྒྱུད་ཐོས་པས་ཡིད་ལ་འཆར་སྒོ་མོད་པའི་དུས། །
དུ་བ་སྨུག་པོ་དགུང་ལ་འཕྱུར་ནས་སྤྲིན་པ་དཀར་པོར་འདྲེས་པའི་དུས། །
འབྲོག་པ་ཚང་གི་འཚོ་བ་དྲན་ནམ་ང་ཡི་གྲོགས་པོ་གླག་རྒོད་ཀྱེ། །
མཁུར་ཚོས་དམར་བོའི་གདོང་གི་ངོས་སུ་འཛུམ་པའི་མེ་ཏོག་བཞད་པའི་དུས། །
རྡོ་རྗེ་སྐེད་པའི་ལྡེམ་མྱུར་རྩལ་གྱིས་སྟག་ཤར་སྲོག་རྩ་སྒུལ་བའི་དུས། །
མཛའ་བརྩེའི་མེ་ཏོག་སེམས་སུ་འཁྲུང་བའི་ན་གཞོན་ཕོ་མོ་མཐོང་བའི་དུས། །
འཇིགས་རྟེན་འདི་ཡང་དྲོ་དྲོ་འདྲ་འམ་ང་ཡི་གྲོགས་པོ་གླག་རྒོད་ཀྱེ། །
འཁོར་བའི་ལུགས་ལ་བསྟུན་པའི་མཐའ་མར་སྙིང་བོ་མེད་པར་རྟོགས་པའི་དུས། །
མཛེས་པའི་ཞལ་རས་དུར་ཁྲོད་ཡུལ་གྱི་བྱ་རྒོད་ཁ་ཟས་གྱུར་བའི་དུས། །
ཕུ་ནུའི་བརྩེ་བ་དབྱར་ཁའི་གནམ་ལྟར་བློ་གཏད་གཅིག་ཏུ་མེད་པའི་དུས། །
ཐུབ་པའི་གསུང་འང་ཞེ་རུ་འཆར་རམ་ང་ཡི་གྲོགས་པོ་གླག་རྒོད་ཀྱེ། །
མ་གྱུར་སེམས་ཅན་མ་རུ་བསྒོམས་ནས་ངེས་འབྱུང་སེམས་པ་སྐྱེ་བའི་དུས། །
སྤང་བླང་རྣམ་གཞག་ཡིད་ལ་འཁོར་ནས་དགེ་བའི་ལས་ལ་འབད་པའི་དུས། །
རྗེ་བཙུན་མི་ལའི་དཀའ་ཐུབ་དྲན་ནས་ཏིང་འཛིན་མིག་ཟུང་བཙུམས་པའི་དུས། །
ཐུབ་པའི་གོ་འཕངས་ཐོབ་པར་འདོད་དམ་ང་ཡི་གྲོགས་པོ་གླག་རྒོད་ཀྱེ། །
རྒྱལ་བའི་བསྟན་བཅོས་མེ་རུ་བསྲེགས་པའི་ལོ་ཟླ་ནག་པོ་དྲན་པའི་དུས། །
ཙོང་ཁའི་སྐུ་འདྲ་ཆུ་ལ་སྐུར་བའི་བློན་ངན་ཁྱི་ཚོགས་མཐོང་བའི་དུས། །
ང་རྒྱལ་མགོ་བོ་མར་མར་དུད་ཀྱང་དྲེགས་ཉམས་རྫིག་པོ་སྟོན་པའི་དུས། །
ཇིང་གིར་བཞིན་དུ་ཁྲོ་བར་འདོད་དམ་ང་ཡི་གྲོགས་པོ་གླག་རྒོད་ཀྱེ། །
དབུ་མའི་ལྟ་བ་ཟབ་མོར་སྒྲུབ་མཐར་འཁོར་བ་ངེས་འབྱུང་སྐྱེ་བའི་དུས། །
གྲུབ་མཐའ་སྣ་ཚོགས་བརྩད་པའི་མཐའ་མར་སྟོང་ཉིད་སྙིང་རྗེ་བཙལ་བའི་དུས། །
ཀླུ་སྒྲུབ་དགོང་རྒྱན་དཔྱད་པ་ཆོད་མཐར་དགེ་ཆོས་ལྷ་རུ་བཀུར་བའི་དུས། །
གཞུང་ལུགས་མཚོ་བཞིན་འཕེལ་བར་འདོད་དམ་ང་ཡི་གྲོགས་པོ་གླག་རྒོད་ཀྱེ། །
༢༠༢༡. ༨. ༢༨ གྱི་མཚན་མོར་བྲིས།
Leave a Reply