རྒོད་ནག་པོ། དཀར་མཛེས།
ཉི་ཟླ་ར་བས་སྐོར་བའིི་ཞིངས་ཁམས་ནས། །
མི་ཚོགས་རྒྱ་མཚོའི་རླབས་ལྟར་དྲག་ཏུ་འཕྱུར། །
དབྱངས་ཅན་ཞལ་བཞིན་འཛུམ་པའི་མི་མོ་ཞིག། །
དྲན་ཤེས་རྒྱ་མཚོའི་ངོས་སུ་གསལ་ལེར་བརྐོས། །
གངས་ཅན་ཁ་བ་རི་བོའི་འགྲམ་ངོགས་སུ། །
འཇམ་དབྱངས་དམར་སེར་མཚུངས་པའི་བུ་མོ་ཞིག།
བརྩེ་བའི་མཚོ་རུ་ནུབ་ནས་ལོ་མང་འགོར། །
ལི་ཁྲིའི་མདངས་ལྟར་ལེགས་པའི་ཡིད་འོང་མ། །
སྨྱུག་ཐོགས་མཁས་པའི་སྙུག་རྩེའི་སྣེ་མོ་ནས། །
སྙན་ངག་དཔལ་ལ་རོལ་བཞིན་རབ་ཏུ་རྩེན། །
ལྷ་ཡི་ལྡིང་ཁང་ལྟ་བུའི་མགྲིན་དབྱངས་སུ། །
སྙན་ངག་ཟླ་ལྟར་སྒོམ་ནས་ལྷོད་ཀྱིས་བཞུཊ། །
ཡིད་དབང་གཤོཊ་ཐོགས་རྒོད་པོ་ག་ལེར་ངང་། །
འདབ་མ་སྟོང་ལྡན་ཅན་གྱི་སྤྲིན་ཐོག་བཞུད། །
སློབ་དཔོན་ནག་མོ་ཁོལ་གྱི་དཀའ་སྡུག་དྲན། །
དབྱངས་ཅན་སྟོང་དང་འདྲ་བའི་ངག་གི་ལྷ། །
ང་ཡི་སྙན་ངག་ཡངས་བའི་རྩྭ་ཐང་དུ། །
ཚོར་བའི་ཆར་ཆུ་ནམ་རྒྱུན་འབབ་གིན་ཡོད། །
ཐ་སྙད་མེ་ཏོག་ལེགས་མཛེས་འཁྲུངས་གིན་ཡོད། །
རྣམ་ཤེས་སྒུལ་བའི་འབྲོག་མོ་ཡོད་པས་ཆོག །
རླུང་གིས་སྤུར་འདྲའི་མྱི་ཚེ་ཐུང་ཐུང་འདིར། །
ཚེ་སྲོག་ཕྲ་མོ་འཆི་བའི་སྒོ་མོར་འགྲོ། །
དུས་ཀྱི་ལྷ་མོ་ལྟ་བུའི་ཁྱེད་ཀྱི་བཞིན། །
རུས་རྐང་འདི་ཡི་ངོས་སུ་དུང་བས་དཔར། །
ད་ཆ་གྱེས་བྲལ་ཚིག་གི་ཁ་བས་སྒྲིབས། །
མཛེས་པའི་འོད་སྟོང་འབར་བའི་སྐུ་ལུས་ཡང་། །
མ་མཇལ་ལོ་མང་བཞུད་སོང་སྙིང་སྡུག་ལགས། །
འདི་ཡང་གླུ་རུ་བླང་བའི་ན་ཟུག་ཡིན། །
རི་མོར་བྲིས་པའི་ཉིད་ཀྱི་རྒྱབ་གཟུགས་བཞིན། །
སུན་སྣང་ཀློང་ནས་ཁོ་བོས་སྙན་ངག་བྲིས། །
མཚན་མོའི་ཡུལ་ནས་ཁྱོད་ཀྱི་བཞིན་རས་དྲན། །
མིག་ཆུའི་རྒྱ་མཚོ་ཆེན་མོས་བྲང་གཞུང་བརླན། །
ཉི་མ་རི་ལ་ཡིབ་པའི་སྣང་བརྙན་སྟེ། །
མཚམས་སྤྲིན་དམར་སེར་རྒྱུ་བའི་དུས་ཚིགས་སུ། །
མིག་ཆུ་ཤམ་ཤམ་བཞུར་བའི་ཁྱེད་རང་དྲན། །
ནག་མོ་ཁོལ་བཞིན་དྲན་གདུང་ཚིག་ཏུ་སྟར། །
བཅོ་ལྔའི་ཟླ་བཞིན་མཛེས་པའི་བཞིན་རས་ཤིག །
ཁོ་བོའི་སེམས་ཀྱི་ཁུད་དུ་ལེགས་པར་འཆར། །
སྙུག་རྩེའི་སྣག་ཆུ་རིང་མོའི་བཞུར་ལུགས་ཤིག །
འཇིག་རྟེན་འདི་རུ་ལན་གཅིག་ངོམས་པར་བྱ། །
༢༠༢༡. ༨. ༢༥
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།