ནམ་ཤེས། (དཀར་མཛེས)
དགུང་གི་མཚམས་སྤྲིན་མཆེད་པའི་དབེན་པའི་རི་སུལ།།
སྨུག་པའི་རླངས་པ་འཐུལ་བའི་འཁོར་བའི་རི་ཀླུང་།།
མི་ཚེའི་གྲུ་གཟིངས་སྒུལ་བའི་མཚོ་ཡི་རྦ་རླབས།།
བདེ་བའི་བདེ་བ་བསྔལ་བའི་མདང་གི་རྨི་ལམ།།
མཚན་གྱི་སྦྲ་གུར་ནང་གི་ཆར་བའི་ཤག་སྒྲ།།
གཟུགས་མེད་ལས་ཀྱིས་སྤུར་བའི་སྟོན་གྱི་སྙེ་མ།།
དབུགས་ཀྱི་འཕར་ལྡིང་མཉན་པའི་དུས་ཀྱི་མེ་ཏོག།
མིག་གི་སྐྱིབས་ལ་ལྷུང་བའི་སྐར་མའི་སྤྱན་ཆབ།།
སེམས་ཀྱི་སྒྲོག་གུ་འཁྲོལ་བའི་ཟླ་བའི་གཟུགས་བརྙན།།
ཡིད་ཀྱི་དྲན་པ་བརྐུས་པའི་འཁོར་བའི་རྟ་ཕོ།།
ལོ་ཟླའི་ཉིན་སྲིབ་བར་གྱི་སྲིད་པའི་མགུར་གླུ།།
གདུང་བའི་མཆི་མ་འཁྲུགས་པའི་སྐྱོ་བའི་ངུ་སྒྲ།།
ལས་ཀྱི་སྐྱི་སྡུག་གསལ་བའི་འཁོར་བའི་མེ་ལོང་།།
སྙན་པའི་ངག་ལ་འདྲེན་པའི་རྨ་བྱའི་གསང་གཏམ།།
འོ་མའི་མདངས་སུ་འཁྱིལ་བའི་བརྩེ་བའི་ཁ་དོག།
ཚོན་གྱི་རི་མོར་བཀྲ་བའི་གཞོན་པའི་ལང་ཚོ།།
མུན་པའི་གཤིས་ལ་ཆགས་པའི་འུག་པའི་རྣམ་ཤེས།།
སྨག་གི་གཏིང་དུ་ཟུག་པའི་ཚེ་ཡི་ལན་ཆགས།།
མིག་གི་མཐའ་རུ་བཞུར་བའི་ཡིད་ཀྱི་ཆུ་ཐིགས།།
དགུན་གྱི་གྲང་ངར་འཚོལ་བའི་ལས་ཀྱི་རྣམ་སྨིན།།
Leave a Reply