ལྷ་མོ་དབྱངས་ཅན་མ་ལ་བསྟོད་པ་སྙན་ཚིག་རི་སུལ་དབུས་མའི་མཆོད་སྤྲིན་ཞེས་བྱ་བ།
“བོད་དུང་།” ཡ་དེང་།
༡
ཆུ་འཛིན་དཀར་པོའི་དཀྱིལ་འཁོར་དབུས་ན་ངོ་མཚར་གཟུགས་སྐུ་འགྱིང་བཏབ་པའི། །
ཡིད་འོང་མཚན་དཔེ་རྫོགས་པའི་ཤེས་རབ་མ་ཡིས་གར་སྟབས་ལང་ལིང་བསྒྱུར། །
འཇའ་ཚོན་སྣ་ལྔ་གདན་དུ་བཏིང་སྟེ་ངག་དབང་རྒྱལ་མོ་སྤྱན་འདྲེན་ན། །
བདག་མགྲིན་ཆུན་པོའི་ཁབ་ཏུ་དབྱངས་ཅན་ལྷ་མོ་གང་ཉིད་ཤིས་པར་སྩོལ། །
༢
བྱུ་རུའི་མེ་ཏོག་བཞད་འདྲའི་ཁུག་སོ་ནས། །
སྣང་སྲིད་བརྡ་གླུ་འགུགས་པའི་བླ་བྲེ་འཕྱར། །
ཞལ་རས་དུང་ཟླ་དཀར་ཆུང་འཛུམ་མུལ་ལེ། །
ངག་དབང་དབྱངས་ཀྱི་རྒྱལ་མོའི་བདག་སྐྱོངས་ཤིག །
༣
ལྕགས་སྙུག་ཕྲ་མོའི་མཁའ་འགྲོའི་གད་རྒྱངས་འདྲེན། །
འདྲེ་གདོན་བཅོམ་པའི་རྒྱུད་མང་དགུང་འདེད་ཅིང་།།
ཚིག་གིས་བསླུས་པའི་མི་ཚོམས་རབ་བསྒུལ་ནས། །
རྩྭ་གསུམ་བྱིན་རླབས་བདུད་རྩིའི་ཐིགས་པ་བྲན། །
༤
སྟོང་ཉིད་ཆོས་སྐུའི་ཀློང་ནས་ཨོཾ་ལ་ཞུགས། །
འགག་མེད་ལོངས་སྐུའི་མགྲིན་པའི་ཨ་ལ་བཏབ། །
དབྱེར་མེད་སྤྲུལ་སྐུའི་ལང་ཚོའི་ཧཱུྃ་ཕྱག་རྒྱས། །
ཡིད་བཞིན་སྤྲིན་གྱི་མེ་ཏོག་གཙང་ཆབ་གཏོར། །
༥
བདེན་སྟོང་ཆུ་ཤེལ་དཀར་པོའི་སྟོང་དབྱིངས་སུ། །
བཀོད་ལེགས་ཁྲ་ཚོམ་མེ་ཏོག་བཞད་གད་ལྟར། །
མགྲིན་པའི་ཟེའུ་འབྲུ་རྡུང་བའི་སྣང་སྲིད་གླུ། །
བདག་གི་ཡིད་ལ་ཤར་ཤར་རྒྱུ་བ་མཆིས། །
༦
ཅི་དགར་བག་ཡངས་སྤྱོད་པའི་རི་དྭགས་མིག །
ལྷ་མི་བཀུག་བྱེད་རྒྱུད་མང་བར་མེད་དཀྲོལ། །
སྙན་གཞུང་བཙིར་བའི་དབང་རྟུལ་བདག་ཉིད་ལ། །
ལྷ་མོའི་དབྱངས་ཀྱི་ཆར་པས་སྦང་འདོད་སྐྱེས། །
༧
སྐལ་བཟང་ལུང་རིགས་སྤྲོས་པའི་རྟོག་གེ་པའི། །
ཆོས་རར་འགྲིམ་པའི་དཔའ་བོའི་ངར་སྐད་ལ། །
རིགས་དང་ཡོན་ཏན་དྲན་མེད་ཀློང་བརྡོལ་བ། །
དབྱངས་ཅན་ངག་གི་མ་མའི་དངོས་གྲུབ་བྱོ། །
༨
དགའ་བརྩེ་ཆང་དཀར་འདྲེན་པའི་གཞོན་ནུའི་བར། །
སྙན་ངག་རྦ་རླབས་རིང་མོའི་དྲུག་འགྱུར་འཐེན། །
ཕན་ཚུར་བརྩེ་བའི་འཇུ་ཐག་མ་ཆད་པ། །
དགའ་བའི་སྙན་འཇེབས་གཏམ་དེའང་སུ་ཡི་དྲིན། །
༩
ཀུན་རྟོག་ཚང་ཚིང་སྟུག་པོའི་སྙན་ངག་པའི། །
མཛའ་མོ་གླུ་རུ་འགུགས་པའི་སྒྱུ་རྩལ་ནི། །
རྒྱལ་ཡུམ་ཤེས་རབ་ལུས་དཀར་ཅན་ཉིད་མའི། །
མཛའ་གཞས་ངག་ཏུ་བཀུག་པའི་རིན་ཆེན་བྱིན། །
༡༠
འཁྲུལ་སྣང་སྡུག་གིས་བཟི་བའི་མི་ཚོགས་དང་། །
རྫོགས་ཆེན་གཏིང་རིམ་སྒོམ་པའི་རྣལ་འབྱོར་པས། །
རང་རང་ས་ནས་སྐྱིད་སྡུག་མགུར་མ་འཐེན། །
ཐམས་ཅད་ངག་དབང་ལྷ་མོའི་ཤེས་རབ་ཆབ། །
༡༡
ཉི་ཟླ་གདན་དུ་གཏིང་བའི་སྒྱུ་འཕྲུལ་དང་། །
རྒྱལ་མཚན་དར་གོས་ལྷབ་ལྷུབ་གཡོ་བཞིན་དུ། །
རྒྱུད་དྲུག་དཀྲོལ་བའི་ཐབས་ཀྱི་སྒྱུ་མ་ལ། །
སྙན་ངག་དཔའ་བོའི་སྣང་སྲིད་གླུ་རུ་ལེན། །
༡༢
གྷི་རིག་ལྷ་མོའི་རིག་བྱེད་འཕྲུལ་ཞགས་ལ། །
འདོད་ལྡན་བོང་བ་རྣམས་ཀྱིས་སྐོར་རྒྱག་པའི། །
རྡོ་རྗེ་དབྱངས་ཀྱི་རྒྱལ་མོའི་བློ་ཡི་གཏེར། །
རྐང་གཉིས་མི་ཚོགས་རྣམས་ཀྱིས་ཅིས་མི་རེ། །
༡༣
ལང་ཚོའི་མེ་ཏོག་འཛུམ་གྱིས་གཞོན་ནུའི་གཟུགས། །
སྤྱང་གྲུང་མིག་གི་འཕུར་ལྡིང་གློག་ལྟར་མྱུར། །
མཐུ་སྟོབས་དབྱངས་ཆེན་སྟོང་གི་སྦྱིན་བདག་མ། །
མགྲིན་པའི་ཁབ་ཏུ་རོལ་བ་ཁྱེད་མིན་སུ། །
༡༤
དཀར་གསལ་ཟླ་འོད་མཐོང་བས་མི་ངོམས་པའི། །
མཚོ་བྱུང་དབྱངས་ཀྱི་རྒྱལ་མོ་མཛེས་པའི་སྐུ། །
རིན་ཆེན་མུ་ཏིག་དག་གིས་རབ་རྒྱན་པའི། །
ཟླ་བའི་སྲས་མོ་མིག་གི་དགའ་མ་འཕེལ། །
༡༥
ཚངས་སྲས་ངག་གི་ལྷ་མོ་དབྱངས་ཅན་མ། །
དྲུག་འགྱུར་དབྱངས་ཀྱི་རམ་འདེགས་མ་དོར་བའི། །
ལི་ཁྲིའི་ཐིག་ལེ་བསྐུས་པའི་ཤེས་རབ་ལྷ། །
ཁྱེད་ཞལ་མཇལ་བའི་སྐལ་བཟང་མྱུར་ཐོབ་ཤོག །
༡༦
འཇོ་སྒེག་སྐུ་ཡི་འཁྲི་ཤིང་མཉེན་ལྕུག་ལྡེམ། །
འཇིག་རྟེན་མུན་པ་གསལ་བྱེད་སྙིང་རྗེའི་མདངས། །
ཚངས་སྲས་ཕྱག་གི་རྒྱུད་མང་དཀྲོལ་མཁས་པའི། །
དྲན་པའི་རྒྱུན་སྐར་དབུས་ན་འགྱིང་རེ་མངོན། །
༡༧
མཛེས་སྡུག་དང་བཅས་པི་ཝང་ཕྱག་ཏུ་འཛིན། །
མཐའ་བཞིའི་སྟོང་ཉིད་མགུར་མ་ཆེར་བྲན་ནས། །
སྙན་འཇེབས་དབྱངས་ཀྱི་མགུར་མ་འཐེན་ཙ་ན། །
སྐྱེ་འགྲོ་མི་འགུགས་རང་དབང་ཡོད་རེ་སྐན། །
༡༨
སྐུ་ཡི་མཛེས་པ་འབར་བའི་ཚངས་སྲས་མའི། །
དབུ་མའི་ལྟ་བའི་ཉམས་མགུར་ལྷུང་ལྷུང་བཞུར། །
སྒྱུ་འཕྲུལ་གར་མཁན་ལྷ་མོའི་རང་སྒྲ་ཡིས། །
བདག་སེམས་དབྱངས་ཅན་རྒྱལ་སར་དྲང་དུ་གསོལ། །
༡༩
སྐྱིད་པའི་སྤང་ལྗོངས་ལེབ་མོའི་ཁོག་གཞུང་དུ། །
སྨིན་ལེགས་ཛ་ཧུའི་བུ་མོའི་མགུར་དབྱངས་འཐེན། །
རབ་རིབ་ནགས་ཚལ་སྨུག་པོའི་བསིལ་རླུང་ཁྲོད། །
བདག་གི་ཚོར་འདུ་ཡོད་ཚད་འཕྲིན་བཅོལ་ཞུ། །
༢༠
ཡ་གིའི་རི་བོ་གངས་ཅན་མདངས་འཕྲོག་པའི། །
མར་གིའི་གཙང་འགྲམ་སྔོན་མོའི་གཞུང་བཅོམ་པའི། །
བདེ་མྱུར་ཉམས་མགུར་ཅན་གྱི་དབྱངས་ལྷ་མོའི། །
བདག་གི་མགྲིན་པར་ལྷ་མོའི་བྱིན་གྱིས་རློབས། །
༢༡
སྦྲང་ཆར་ཟམ་ཟིམ་འབབ་པའི་དབེན་གནས་སུ། །
ཡིད་འོང་མཛེས་སྡུག་ལྡན་པའི་དབྱངས་ཅན་སྐུར། །
དད་པ་ལན་གྲངས་བགྱིས་པའི་ཁོ་བོ་ལ། །
བདག་མགྲིན་ཁབ་ཏུ་བྱིན་རླབས་སྩོལ་ཅིག་ཀྱེ། །
༢༢
མཐོན་མཐིང་རལ་བས་ཤེས་རབ་འོད་དཀྱེ་མའི། །
ཐག་རིང་རྒྱང་ནས་ཕེབས་པའི་སྦྲང་མ་དང་། །
ལྷོད་ལྷོད་མཚོ་མཐར་ཉུལ་བའི་ཡུ་མོ་གཉིས། །
སོར་མོའི་སྟབས་ཀྱིས་བདེ་སྐྱིད་ཅི་དགར་རྩེན། །
༢༣
འཕྲུལ་གྱིས་དྲངས་པའི་སྣང་སྲིད་འཇའ་གུར་ཕུབ། །
ལྷོ་ཕྱོགས་རྒྱ་མཚོ་ཆེན་པོའི་གཏིང་མཐའ་ནས། །
སོར་རྩེས་དྲུག་འགྱུར་རྒྱུད་སྐུད་དཀྲོལ་མཁས་པའི། །
ཡིད་འོང་རྒྱ་མཚོའི་ལྷ་མོ་ཤེས་རབ་སྩོལ། །
༢༤
ཤང་དྲིལ་དཀར་དམར་མགོ་ལྕོག་ལྡེམ་པའི་འགྲམ། །
སྨྲ་བའི་ངག་རིག་ཀུན་ལ་དབང་འབྱོར་བའི། །
འཇིག་རྟེན་སྒྱུ་མ་སྣང་སྲིད་པིར་གྱིས་བྲིས། །
ཟླ་བའི་སྲས་མོའི་ཤེས་རབ་ཡིད་གར་འོང་། །
༢༥
སྦྲང་རྩིའི་དྲི་ངད་ལྡང་བའི་དཀར་ངོགས་ནས། །
ཚོར་བའི་དབྱངས་ཀྱི་རྒྱུད་སྐུད་སྟོང་དཀྲོལ་བའི། །
བདག་མགྲིན་རྩ་མདུད་གྲོལ་བའི་པད་འདབ་ཏུ། །
སྡེབ་ལེགས་ཚིག་གི་དབྱངས་རིང་ཐོལ་གྱིས་བརྡོལ། །
༢༦
དྲག་རླུང་བཙན་པོའི་ལྗོན་ཤིང་བསྒུལ་དང་ལྷན། །
དབྱངས་ཀྱི་སྒྲོས་གཙང་ཉ་མོའི་འཁྱུག་རྩལ་ངོམ། །
དཀར་དམར་མེ་ཏོག་མགོ་ལྕོག་ལྡེམ་ལྡེམ་འོག །
བྱིན་རླབས་དབྱངས་ཀྱིས་འདུ་འགོད་མེ་ཏོག་བྲིས། །
༢༦
མུན་པའི་སྨུག་ནག་ལང་ལོང་གཡོ་བས་ན། །
ཕལ་བའི་སོར་མོའི་རོལ་རྩེད་འགག་ངེས་པའི། །
འཇའ་ཚོན་སྣ་ལྔ་སྤུངས་པའི་འབྲི་ཤོག་སྟེང་། །
སྙན་གདངས་སྨག་རུམ་སྟུག་པོ་སེལ་བར་མཛོད། །
༢༧
རི་དྭགས་མིག་ཅན་བཅུ་དྲུག་ཉམས་ཀྱིས་ཕྱུག །
གནག་སྣུམ་དབུ་སྐྲ་གཡས་སུ་འཁྱིལ་བའི་རྒྱན། །
དྲི་ཟའི་ཚངས་སྲས་དགའ་མའི་ཟུར་མིག་ལས། །
བདག་ཉིད་དབྱངས་ལ་ཆགས་པའི་ཟུར་མིག་ཤོར། །
༢༨
བཅུ་དྲུག་ཟླ་གཞོན་འཆར་བའི་མགྲིན་སྙན་མའི། །
འཛུམ་པའི་སྤྱན་གྱིས་དད་པའི་རེ་ཁ་བསྐང་། །
སེམས་ལ་དཔལ་ཡོན་སྟེར་བའི་སྦྱིན་བདག་མར། །
བསྟོད་དབྱངས་ཚིག་མཆོད་བྱུང་ན་དེ་གས་ཚིམས། །
༢༩
ཡིད་ཁམས་རྒྱ་མཚོ་སྐྱོམ་པའི་དབྱངས་ཅན་མས། །
འཁོར་བའི་ནགས་ཁྲོད་འཚོ་བའི་བྱེའུ་ཆུང་ང་། །
ཚངས་དབྱངས་རྒྱུད་སྐུད་བསྣོལ་བའི་མགྲིན་སྙན་མས། །
སྲིད་གསུམ་རྩོམ་པའི་སྤོབས་པ་ད་སྩོལ་ཤིག །
༣༠
ཟླ་ཤེལ་དཀྱིལ་འཁོར་འཛུམ་པའི་འོག་ནས་ཆར་སྤྲིན་སྔོན་མོས་གླུ་རུ་འགུགས་པའི་ཡིད་ཀྱི་ལྷ་མོ་རྒྱང་ནས་འབོད། །
སྟོང་ཆེན་མཁའ་ལ་དབྱངས་སྙན་གྱེར་བའི་གངས་རིའི་གདངས་སུ་དབྱངས་ཀྱི་རྒྱལ་མོའི་རིག་བྱེད་ཚིག་གི་གློག་ཞགས་འཁྱུག །
སྐྱེ་མོའི་ཚལ་ནས་ལྡེམ་ལྡེམ་བསྐྱོད་པའི་དབྱངས་ཅན་ལྷ་མོའི་སྒྲ་དབྱངས་གཅིག་གིས་དྲི་ཟའི་ཚལ་ལ་བག་ཡོད་སྦྱིན། །
གླིང་བཞིའི་ཁྱོན་ལ་དབང་བསྒྱུར་བྱེད་པའི་ཤེས་རབ་ལྷ་མོའི་དབྱངས་ཀྱི་གོམ་འགྲོས་མཁའ་ལྡིང་གཤོག་པ་མགྲིན་མཚོར་རོལ། །
༢༠༢༡.༤.༡༥ ཉིན།
Leave a Reply