ཞི་འཇམ་གྱི་དབེན་ཁྲོད།«ཞར་བཀོད་ལྔ།»
སད་སྐལ།«གཅུང་པ།»
ཆར་པ་ཟིམ་ཟིམ་དུ་བབས་བྱུང
བརླན་གཤེར་གྱི་རྡུལ་ཕྲན་རེ་རེ་དང་བཅས
མེ་ཏོག་གི་བྲང་ལ་ཐིམ་སོང
དབྱར་ཁའི་རྩི་ཤིང་གི་དྲི་བསུང་དག
རླུང་བུས་ཕྱོགས་བཞི་མཚམས་བརྒྱད་ནས་སྤུར་བྱུང
སེམས་དང་ཡིད་ཀྱི་ཞིང་ཁར
བསིལ་འཇམ་གྱི་ཚོར་བས་བསྟིམས་ཡོད
ཆར་པ་ཟིམ་ཟིམ་དུ་བབས་བྱུང
རི་ཀླུང་ཀུན་གྱི་ལང་ཚོ་རྫོགས་པའི་མཛེས་སྡུག་ནི
དབེན་པའི་ཚལ་གྱི་ལྷིང་འཇགས་བཞིན
བདེ་སྦྱིན་གྱི་ཞིང་ཁམས་ངོ་མ་ཞིག་གི་ཚུལ་དུ་མངོན
མི་ཚེའི་གཏད་སོ་འཚོལ་ཕྱིར
ཞི་འཇམ་གྱི་དབེན་ཁྲོད་འདི་ནས
ང་དང་ང་ཡི་གློ་བ་ཉེ་བའི་ན་མཉམ་ཚོགས་ཀྱིས
འཚམས་སྤྲིན་གྱི་མཚོན་མདོག་སྤྱད་དེ
གོས་ཀྱི་རང་མདངས་ལ་དྲི་མས་མ་ལྷད་པའི་དཔལ་གྱིས
ང་ཡི་སྐྱེ་བ་འདིའི་ཁ་ཕྱོགས་བསྟན་བྱུང
དབྱར་ཁ་དང་ཆར་ཟིམ་ལས་འཕྲོས་ཏེ
ཞི་འཇམ་གྱི་དབེན་ཁྲོད་འདིའི་ཕྱི་ནང་གི་མཛེས་པ་དང
འུ་ཅག་གི་འཚོ་སྟངས མི་ཚེའི་ལམ་ཕྱོགས
རེ་རེ་ལའང་མཛེས་སྡུག་སྦྲུམ་པའི་འཕགས་མ་བཞིན
མིག་གི་ལོངས་སྤྱོད་དུ་མངོན་དུས
ངས་སྐྱེ་བ་འདིའི་དུས་ཚོད་ཡོད་ཚད་སྤྱད་དེ
སྙིང་ཉེ་བའི་མི་ཚོགས་དང
ཉམས་དགའ་བའི་དབེན་ཁྲོད་ཀྱི་སྐྱེད་ཚལ
རེ་རེ་ལའང་དུངས་ཞེན་གྱི་སྲེད་པ་ག་ཙམ་གླན་སྲིད་དམ
ཆར་པ་ཟིམ་ཟིམ་དུ་བབས་བྱུང
ནམ་ཡང་བརྗོད་མི་ལང་བའི་རང་བྱུང་ཁམས་དང
ངོ་མཚར་བའི་ཞི་འཇམ་གྱི་དབེན་ཁྲོད
ཕུན་སུམ་ཚོགས་པའི་དཔལ་ཡོན་འདི་དག
ངས་སྐྱེ་བ་གཅིག་ལ་གཅེས་པར་འོས་པའི་འདུ་ཤེས་དང
འགན་འཁྲི་བརྟན་པོ་འཆང་ཡོད
༢༠༢༡.༨.༡༩ནུབ་མོར་བརྩམས།
༡ ཉི་འོད་ནང་གི་སེར་སྡེ།
གོད་ཆག་དང་མུན་གྲིབ་ཀྱི་ཐལ་རྡུལ་ནག་པོ
གྲང་རླུང་གི་ཤེད་མར་སྦྲན་ཏེ
དྭངས་གཙང་གི་དབྱར་གཞུང་ཁོ་ནར
ལོངས་སུ་སྤྱོད་པའི་སེར་སྡེ་བ
ང་ཡི་མི་ཚེའི་ནང་གི་ཉི་འོད་འཇམ་པོ་དེ་བཞིན
ཚིག་འཇམ་གྱི་མེ་ཏོག་འཐོར
རྟག་པར་ཉི་འོད་དང་མ་བྲལ་བར
གླེགས་བམ་གྱི་ཁུག་པར་ཉལ་ཞིང
རྣམ་རྟོག་གི་ནགས་རྫོང་མེ་ལ་སྒྲོན་ཏེ
ཡིད་ཀྱི་ནམ་མཁར་སྔོ་བསངས་ཀྱིས་རྒྱན་དུས
མི་ཚོགས་ཀྱི་དད་སེམས
གཟན་རས་དམར་པོའི་མཐའ་ནས
ལྷབ་ལྷུབ་རླུང་གིས་བསྐྱོད
ཁ་རྩངས་འུར་ཟིང་གི་གྲོང་ཁྱེར་ལས་འགོངས་ཤིང
ཞི་འཇགས་ཀྱི་བསྟི་གནས་འཚོལ་ཆེད
གཏིང་རིང་བའི་འཁོར་བའི་གྲོང་རོང་དང་བྱེས་ཏེ
བག་ཡངས་ཀྱི་རི་ཁྲོད་ནས
ཞི་བའི་སེམས་ཀྱིས་སྐུ་ངལ་གསོས་ཏེ་བཞུགས
མི་ཚེའི་ནང་ཉིང་གི་བདུད་རྩི་དང
རླབས་ཆེ་བའི་བསྟན་བཅོས་ཀྱི་བཅུད་ཞོ་རོལ་ཆེད
དུས་རབས་ཤིག་གམ
མི་ཚོགས་ཤིག་གི་བཅའ་ཡིག་ལ་མཉན་ཏེ
བགོམ་པའི་ལམ་བུ་ཡི་སྐྱོ་གར་མང་པོ་ཞིག་གདོང་གིས་བསུས
ཡིད་དུ་འོང་བའི་སྡེ་བ་འདི་དག་ཨང
ཁྱེད་ཚོའི་ཆོད་སེམས་ཁོ་ནས་ང་ཡི་མི་ཚེར་འོད་སྣང་བསྩལ
༢༠༢༠.༡༠.༣༠ སློབ་གླིང་།
༢ ཁྱེད་མཚོན་བྱེད་དུ།
ཁྱེད་མཚོན་བྱེད་དུ
སྔོ་རུལ་གྱི་གྱང་ངོས་སུ
ཡིད་ཀྱི་མཚོ་གཏིང་ནས་བརྡོལ་བའི་ཚོར་བ་དང་ཡིག་རིས་བྲིས
པིར་གྱིས་བྲིས་པའི་ཞལ་ཐང་བཞིན
མཚོན་རྩི་དཀར་དམར་བྱུག་སྟེ
དད་པའི་སེམས་གཏམ་གྲངས་མེད་ཅིག་གླེང
ཁྱེད་མཚོན་བྱེད་དུ
སྐྱ་བོ་ན་བུན་གྱི་མཁའ་རླངས་ཁྲོད་དུ
རས་གཟན་དམར་པོ་ཡི་གཟི་བྱིན་ལྷབ་ལྷུབ་ཏུ
བསིལ་རླུང་གིས་ཉམས་ཀྱིས་བསྐྱོད་ཐབས་བྱས
དག་ཞིང་གི་གནས་མཆོག
དད་པའི་འདབ་མ་གཡོ་བའི་མི་ཚོགས་ཀྱི་གདོང་ལ
འཇམ་མཉེན་གྱི་ཆོས་ཆབ་གཏོར
ཁྱེད་མཚོན་བྱེད་དུ
ནམ་མཁའ་སྔོན་པོའི་ཞལ་ངོགས་ལ
སྤྲིན་དཀར་གྱི་འདབ་མ་གཡོ་བ་ལྟར
རྒོལ་ངན་གྱིས་འཆལ་གཏམ་བསྙད་པའི་སྒྲོབ་བཤད་དག
མེ་ལོང་ལ་བྱབས་ཁྲུས་བྱས་པ་བཞིན
སྔོ་བསང་བའི་ནམ་མཁའ་རུ་བཞེངས་ཐབས་བྱས
ཁྱེད་མཚོན་བྱེད་དུ
མི་ཚེའི་དམིགས་འབེན་དུ་བཟུང་བའི་ལམ་བུ་ཞིག་བསྐྲུན
“ལོ་ངོ་ཆིག་སྟོང་ཡར་སྔོན་གྱི་ཁྱེད་རང
ལོ་ངོ་ཆིག་སྟོང་རྗེས་ཀྱི་ད་ལྟའི་ང་རང་དང་འཕྲད”
ང་ཡི་ཐོད་སྐལ་གྱིས་མཇལ་བའི་ཁྱེད
ཁྱེད་ནི་ཅི་འདྲའི་སྙིང་ཉེ་ཞིང་དྲོད་ཁོལ་ལྡན་པ་ཞིག་རེད་ཨང་།
ཁྱེད་མཚོན་བྱེད་དུ
“དད་པའི་མཆོད་སྡོང་”གི་ཡིད་བརྙན་བཤམས
གསལ་བྱེད་སུམ་ཅུའི་སྒེག་ཉམས་སྟོན་པའི་ཡི་གེའི་ནགས་ཚལ་བྲིས
རིག་བྱེད་ཚིག་གི་ལྷུ་ལག་བསྒྲིགས་ཏེ
མི་ཚེའི་གཏད་སོ་ལ་ཕྱོགས་པའི་འདྲེན་བྱེད་དབང་པོ་དང
ཞབས་སྙིམ་གྱི་རུས་རྐང་ཡོད་ཚད་ཁྱེད་ལ་ཕུལ
ཁྱེད་མཚོན་བྱེད་དུ
གདོང་ལྔ་པ་ཡི་གཡུ་རལ་དང
འབྲོང་རྒོད་ཀྱི་རྭ་བར་ནས་འཕྲོས་པའི་ཉི་འོད་བཅས
སེམས་ཀྱི་ཤོག་དཀར་ངོས་སུ་ཕབ
ལྷིང་འཇགས་དང་ཁུ་སིམ་གྱིས་དཀྲོལ་བའི་རོལ་དབྱངས་དང
དྲི་བཞོན་བུ་མོས་སིལ་སིལ་དུ་དཀྲོལ་བའི་གཡེར་དྲིལ་བཅས་ལ
རྣ་བ་བླགས་ཏེ་མཉན་ཚེ
ཁྱེད་ཀྱི་སྙིང་སྟོབས་གསོན་པོ་དེ་ངང་གིས་མངོན་ཡོང
མཁས་མཛངས་ཀྱིས་ཕྱུག་པའི་ཁྱེད
ཁྱེད་ནི་ཅི་འདྲའི་དཔའ་ངར་ལྡན་པ་ཞིག་རེད་ཨང
ཁྱེད་མཚོན་བྱེད་དུ
ཀུན་རྟོག་གི་སྒྱུ་འཕྲུལ་གཡོ་བའི་རླབས་སྒྲ་བཅད
སྲོང་གཏམ་གྱི་ཕྱི་ནང་མ་དབུལ་བའི་ཁྱེད་ཀྱི་པང་ཁུག་ནས
ང་རང་ནར་སོན་པའི་ང་རྒྱལ་བརྙེས་དུས
ངས་རང་ཉིད་ལ་ཚེ་རབས་ལས་ཀྱིས་སྨིན་པའི་མེ་ཏོག་དེ་རྙེད་ཡོད་པར་ཚོར
ཁྱེད་ཀྱི་གཟི་མདངས་འཕྲོས་པའི་གནས་འདི་ནས
ཁྱེད་ཀྱི་བྱིན་བརླབས་ཞུ་ཆོག་ལ
* གོས་ལྭ་དཀར་དམར་ནབ་པའི་ཁྱེད་ཀྱི་གཅེས་ཕྲུག་ཚོའི
འཆད་ཉན་གྱི་མཛེས་སྡུག་ལ་ལོངས་སུ་སྤྱོད་ཆོག
ཁྱེད་མཚོན་བྱེད་དུ
ངུར་སྨྲིག་གིས་མཛེས་པའི་སྡེབ་རིས་ཤིག་བྲིས
དག་ཞིང་ཞིག་གི་བཟོ་བཀོད་ལེགས་པའི་ཁྱེད་ནི
དག་ཞིང་དངོས་མ་ཞིག་ཡིན་ཆོག་ཨང
༢༠༢༡.༢.༡ མཆན། གཙུག་ལག་འདི་ནི་ལོ་ངོ་ཆིག་སྟོང་ཉིས་བརྒྱའི་ཡར་སྔོན་ནས་ཡོད་ཅེས་ལོ་རྒྱུས་ལས་གསལ་བ་བཞིན་བྲིས། དད་པའི་མཆོད་སྡོང་ནི་རང་ཉིད་ཀྱིས་སྔོན་དུས་ཤིག་ལ་གནས་འདིའི་སྟོད་རྩོམ་ཞིག་གི་ཁ་བྱང་ཡིན། གོས་ལྭ་དཀར་དམར་གཉིས་ལས་དཀར་པོ་གོས་དཀར་ལྕང་ལོ་ཅན་དང་དམར་པོ་ནི་ངུར་སྨྲིག་གི་ལྷ་སྡེ་གཉིས་སོ། །
༣ ཕྱུ་པ་ནག་པོ་ཞིག་ལ་འཁྲེང་སྲེད་སྟུག་པའི་མི་བོ་ཆེ།
____ ཡང་ན་པཎ་ཆེན་བཅུ་པ་མཆོག
ཕྱུ་པ་ནག་པོ་ཞིག་ལུས་ལས་འབྲལ་བར་མ་མྱོང
དེ་ཡི་ཕུ་ཐུང་ནང་དུ
རིགས་ཀྱི་ཆེད་དུ་བརྐྱངས་པའི་སྙིམ་པ་ཡོད
དེ་ཡི་གོང་ཁ་རུ
རིགས་ཀྱི་བདེན་དཔང་ལ་བཞེངས་པའི
དྲོད་འཇམ་རེག་བདེ་ཞིག་ཡོད
ཕྱུ་པ་ནག་པོ་ནབ་པའི་སྐྱེས་མཆོག
ཕོ་རབ་ཅིག་གི་ངར་སྐད་གྲགས་ཏེ
སྲིད་ཞིའི་གནས་ལས་ཕེབས་སོང་བས
ནང་སེམས་ཀྱི་སྙན་ངག་ཡོད་ཚད་སྨྲེང་ངག་གིས་འཛིང་འདུག
ཕྱུ་པ་ནག་པོ་དེ་ཡི་ནང་དུ
སྲ་མཁྲེགས་ལྕགས་ལས་གྲུབ་པའི་རུས་པ་ཅན་གྱི་མི་བུ་གསོན་པོ་ཞིག་ཡོད
ཤ་ཁྲག་གི་བརྒྱུད་པ་མ་ཉམས་ཤིང
འབྱུང་ཁུངས་ཀྱི་དད་ཞེན་མ་ཞིག་པའི་མི་ཕོ་ཞིག་ཡོད
དེ་ཡི་ལུས་ཕུང་གི་ཕོ་བྲང་ནང
རིགས་ཀྱི་ཆེད་དུ་གསོན་པའི་སྙིང་ཆུང་དམར་པོ་ཞིག་ཡོད
དེ་ཡི་རུས་རྐང་གི་ནང་དུ
མར་ཁུ་བཞིན་འཁྱིལ་བའི་ཤེས་རབ་ཀྱི་འོད་ཀོར་ཡོད
ཐ་ན་དེ་ཡི་དབུགས་རྒྱུན་ཀྱང
རིགས་ཀྱི་ཆེད་དུ་ཆད་པའི་ལོ་རྒྱུས་ཀྱི་བདེན་ཚིག་གྲུབ་ཡོད
མི་འཇིགས་མི་དངངས་པའི་མཛད་རྣམ་རེ་རེས
ཤ་ཁྲག་གི་འབྲེལ་བ་དམ་ཟབ་ཡོད་པའི་མི་ཚོགས་དག་ལ་བློ་རྒྱ་སྟེར་གྱིན་ཡོད
ལེགས་གསུང་གི་བདུད་རྩི་ཟིལ་མས
རིགས་ཀྱི་ཞིང་སའི་ནང་དུ་སྐད་ཡིག་གི་ས་བོན་ལ་བརླན་ཐིགས་རྒྱག་གི་ཡོད
དངོས་དོན་མང་པོ་ཞིག་གི་དོན་དུ
ལྗགས་ཕྱེད་སྤུ་གྲིའི་སོ་ཁར་ཤོར་ཡང་འགྱོད་གདུང་མེད་པར
ཁུར་ཚུར་གདམས་ཏེ་ཕྱག་ལག་གནམ་ལ་གཟེངས་པའི་བུ་རྒོད་ཨང
དེ་རིང་གི་ཉི་འོད་འོག་ནས
ངས་ཁྱོད་ཀྱི་རྡོ་རིང་ལྟ་བུའི་བདེན་གཏམ་གྱི་ཚིག་དང
དམ་བཅའི་དཔའ་མཛངས་དག་རེ་རེ་བཞིན་དྲན་བྱུང
ཀྱེ་ཀྱེ ཕྱུ་པ་ནག་པོ་ལ་དགའ་བའི་ང་ཡི་ཡིད་ཀྱི་ཉི་མ་ལགས
༢༠༢༡.༢.༢༠ ནུབ་མོར་སློབ་གླིང་ནས་མགྱོགས་བྲིས་བྱས།
༤ འབྲོག་མོ་ངོ་མ་ཞིག་གི་དུས་གསུམ།
སེར་སྣ་དང་གྲོན་ཆུང་བྱེད་མི་དགོས་པའི་མཐའ་ཡས་པའི་རྩྭ་ཐང་།
མི་ཚེའི་གཏམ་རྒྱུད་ཀྱི་རི་མོ་འབྲི་སའི་འབྲོག་ཐང་།
སླེ་བོ་སྒལ་པར་བཀལ་ཏེ་ལྕི་བ་བརློན་པར་ལག་བསྙོབས་མཛད།
སེར་ག་ཆགས་པའི་སྙིམ་པའི་ཕྱི་ནང་།
དཔེ་ཆའི་གསེང་ནས་འཚར་ལོངས་བྱུང་བའི་མི་དག་ལ།
སེམས་གཏིང་ནས་ཡིད་སྨོན་འཆོར་གྱིན་ཡོད་ནའང་།
སེམས་པ་ནང་དུ་བསྐོར་ཏེ་བསམ་མནོ་རེ་བཏང་ན།
དོན་དམ་པའི་བདེ་སྐྱིད་ནི།
ལག་པའི་སེར་ག་ཡོད་མེད་ཀྱིས་ཁྱད་འབྱེད་མི་ནུས་ཏེ།
དེ་ནི་ཕྱིའི་རྣམ་པ་ཙམ་ཡིན་པས་ནའོ།
གྲོང་ཁྱེར་གྱི་མཁའ་རླུང་གིས་སྣང་བ་མཐོ་རུ་བཏེགས་པའི་མི།
ནང་སེམས་ལ་རོལ་དབྱངས་ལྟ་བུའི་ལྷིང་འཇགས་མེད་ཁར།
མཛེས་སྡུག་གི་རྩྭ་ཐང་དང་ལུག་ཁྱུ་ལྟ་བུའི།
རང་འབྱུང་གི་མཛེས་སྡུག་ལ་ལོངས་སུ་སྤྱོད་ཐབས་མེད་པས།
ནམ་ཞིག་ལ། སེམས་ལ་སྡུག་བསྔལ་ཕྲན་ཚེགས་རེ་འབྱུང་དུས།
ཡུན་རིང་སུན་པའི་འཁོར་སྐད་ཙམ་ལས།
སྡུག་བསྔལ་སངས་བྱེད་ཀྱི་རང་འབྱུང་ཁམས་དང་།
དེས་བྱིན་པའི་ཚོར་བར་དཀྱེལ་ཡངས་མེད་པས།
གུ་དོག་པའི་གྲོང་ཁྱེར་ལས་རང་སྲོག་བལྟབས་ཉེན་ཆེ་ཨང་།
འོན་ཀྱང་། སླེ་བོ་ཞིག་གི་རྡོག་ཁྲེས་ཙམ་ལས།
འབྲོག་མོ་ངོ་མ་ཞིག་ལ་བློ་ཡངས་ཀྱི་ནམ་མཁའ་དང་།
རང་འབྱུང་ཁམས་ཀྱི་མཛེས་སྡུག་དང་མཐའ་ཡས་པའི་རྩྭ་ཐང་ཡོད་པས།
དོག་པའི་ཚོར་བས་ནོན་པའི་སྡུག་བསྔལ་དང་།
འུར་ཆས་བསྐྱོན་པའི་སེམས་པ་རླུང་གིས་བཏེགས་པར་མི་བྱེད།
དོན་དམ་པའི་འབྲོག་མོ་ངོ་མ་ནི།
ནེམ་ཤའི་འཇམ་པ་བྲལ་བའི་སྙིམ་པ་དཀར་པོ་ཅན་ཞིག་མིན་ཀྱང་།
དཀྱེལ་ཡངས་ལྡན་པས་དོག་པའི་སེམས་པ་ལ།
སྙི་མོའི་སྙི་མོ་ཆག་པའི་སྐྱོ་གདུང་མེད་དེ།
བགྲང་མི་ཐེག་པའི་རང་འབྱུང་ཁམས་ཀྱི་མཛེས་སྡུག་ཡོད་པས་སོ།
༢༠༢༡.༦.༢༣ ཉིན་བརྩམས།
༥ འཕྱི་སོང་བར་ཤེས་དུས་འགྱོད་དོ།
མཚན་ལྗོངས་ནག་པོ་དེ
ནུབ་དེའི་ལྷིང་འཇགས་ཡིན
བཞུད་ཟིན་པའི་ལོ་ཟླའི་གཙང་པོ་དེ
སེམས་ཀྱི་གཅོང་ནད་ཡིན་འདུག
ལམ་དང་དུས་ཚོད་ཀྱིས
འགྱོད་པའི་རལ་གྲི་ཕྱར
ང་ཡི་ལང་ཚོ་ལ་མནར་གཅོད་གཏོང
འཕྱི་སོང་བའི་སེམས་ཚེགས
དུས་དེ་རིང་གི་བསམ་གཞིག
འདས་དོན་གྱི་ཁ་གསབ་ཡིན་ན
ངའི་མ་འོངས་པའི་འབྱུང་འགྱུར་དེ་དག
མཛེས་སྡུག་ཁོ་ན་ཡིན་སྲིད་དམ
འཕྱི་སོང་བར་ཤེས་དུས་འགྱོད་དོ
རྒྱུ་མཚན་ནི
ང་དང་ཁྱོད་ཚོས
རང་ཉིད་ཀྱི་མེ་ལོང་ངོས་སུ་གསལ་ལེར་མཐོང་ཐུབ་པས་སོ
ད་ནས
སུ་ཞིག་ལ་ལེ་བདའ་བྱེད
འཕྱི་སོང་བར་ཤེས་དུས་འགྱོད་མོད
འདས་ཟིན་པ་དག
འགྱོད་གདུང་གིས་ཅི་ཞིག་ཕན
ལྐོག་ཏུ་མ་གྱུར་པའི་རང་སེམས་ལས
གཡེང་ལ་ཟད་པའི་དུས་ཚོད་ཡོད་ཚད་ལ
ལང་ཚོས་བསྐྲུན་པའི་འཆར་ཡན་གྱི་དྲི་མ་བགོས་ཡོད་པ་དག
མཉམ་གཅིག་ཏུ་བཟད་སོང
མ་འོངས་པ་མཚོན་པའི་བསམ་གཞིག་འདིས
སླར་ཡང
ནང་སེམས་ཀྱི་སྤོབས་དཔའ་ཐེག་ཐབས་བྱས་ཀྱང
འགྱོད་གདུང་གིས་མནར་དྲགས་པས
ཅི་ཡང་ཐེག་ཐུབ་མི་འདུག
བཅོས་མ་མིན་པའི་ལང་ཚོ་ལ
ལོ་ཟླའི་རྨ་ཤུལ་ལས་ཉམས་རྨས་ཐེབ་པས
ཉི་འོད་ཀྱི་འཛུམ་མདངས
རྒྱང་བཞུད་ཀྱི་དྲི་བཞོན་བུ་མོ་དེ་བཞིན
ད་ལྟའི་འཕྱི་སོང་བའི་བསམ་གཞིག་གི་ཀློང་ནས
མཐོང་འཛིན་གྱི་ལག་པ་ཇི་ལྟར་བསྲིངས་ཀྱང་ཉོབ་ཐུབ་མི་འདུག
ཀྭ་ཡེ ན་མཉམ་གྲོགས་པོ་ཚོ
འཕྱི་སོང་བར་ཤེས་དུས་འགྱོད་དོ་ཨང
༢༠༢༡.༨.༢༦ནུབ་མོར་བྲིས།
Leave a Reply