མེ་ཏོག་འཐུ་བའི་གཞོན་ནུ་མ།

                                              རེབ་གོང་། གློག་སྨྱུག

ཉི་ཟླ་ཟུང་གི་རྣ་ཏོག་ཅན་པོ་མཐོ་རིས་ཡུལ་གྱི་ལྷ་མོ་སྟེ།།
སྤྲིན་དཀར་དར་གྱི་སྐ་རགས་ལྷོད་ནས་སྙིང་སྟོབས་ཅན་ལ་རེ་ཞིང་སྒུག །
མཐིང་མདོག་གོས་ཀྱི་ལྭ་བ་གྱོན་ནས་ཨ་སྔོན་དབྱིངས་སུ་སྒེག་ཉམས་སྟོན།།
ཆར་གྱིས་བཀྲུས་པའི་གདོང་གི་ངོགས་སུ་དགའ་བས་ཕྱུག་པའི་སྐར་ཚོགས་ཤར།།

དྭངས་གསལ་ཤེལ་གྱི་མེ་ལོང་ངོས་སུ་འབྲོག་གི་བུ་མོའི་གཟུགས་བརྙན་ཤར།།
མིག་གིས་རོལ་བའི་མདུན་གྱི་རི་མོ་ཤེས་རབ་ལྷ་མོའི་སྣང་བརྙན་བཞིན།།
ཡིད་ལ་འཁྱུད་པའི་མཛེས་པའི་ཉམས་འགྱུར་ཆང་ལ་རོལ་བའི་སྣང་བ་འདྲ།།
བདག་གི་སྙིང་ཆུང་ལྷོག་ལྷོག་གདུ་བའི་ཆུ་ཁོལ་བཞིན་དུ་འཕར་ལ་ལྡིང་།།

རི་དྭགས་འདྲོགས་འདྲའི་ལྟ་བྱེད་མིག་གིས་བདག་གི་མདུན་ནས་རྩེད་མོ་རྩེ།།
ལྡེམ་ལྡེམ་གཡོ་བའི་གཟུགས་ཀྱི་སྙེ་མ་གསོམ་དཀར་འཁྲུངས་བའི་འཁྲི་ཤིང་ལྟས།།
ཡིད་ལ་བརྣགས་པའི་ཚིག་གི་སྙིང་གཏམ་ལུས་ཁམས་གསོ་བའི་སྨན་མཆོག་སྟེ།།
རྐང་བའི་གཏིང་དང་སྐྲ་ཡི་རྩེ་ནས་ཁྱོད་ལ་འཁྲེང་བའི་ལང་ཚོ་འབར།།

ལྟོ་འགྲོས་འཁྱུག་རྩལ་ངོམ་པ་ལྟ་བུའི་སྨིན་མ་གཉིས་ལ་གཤོག་རྩལ་རྒྱས།།
གླང་བོ་ཉལ་འདྲའི་རྣ་གཤོག་ཟུང་གིས་མཛེས་པའི་སྒྲ་སྙན་ཡང་ཡང་འཐུང་།།
རྒྱ་མཚོའི་གཏིང་གི་བྱུ་རུའི་འདོགས་ཆ་མགུལ་ལ་བརྒྱན་ན་མིག་དབང་འཕྲོག །
ངང་བའི་འགྲོས་བཞིན་ལམ་དུ་རྒྱུ་བས་བདག་གི་སྲེད་པ་རྙི་ཡིས་བཟུང་།།

རབ་ཏུ་རྒྱས་པའི་ལང་ཚོའི་མྱོས་བུམ་དུང་གི་མདོག་བཞིན་དཀར་ཞིང་གཙང་།།
ཐུར་དུ་དུད་པའི་མཛེས་པའི་ཉམས་ནི་འབྲས་བཟང་སྨིན་པའི་ལོ་ཏོག་བཞིན།།
གསང་བའི་བརྡ་རྟགས་རླུང་ལ་བསྐུར་ན་བདག་གི་སེམས་ལ་ཚ་དྲོད་འབར།།
འཛུམ་གྱི་བདག་མོ་མེ་ནཱ་ཀ་ནི་ལས་གྲོགས་ཡིན་ན་ཅི་མ་རུང་།།

པི་ཝང་སྙན་མོའི་དབྱངས་ཀྱི་འགྲོས་བཞིན་ཁྱོད་ཀྱི་སྐད་ཆ་རྣ་བར་འཇེབས།།
བུ་རམ་མངར་མོའི་རོ་ཡི་བཅུད་ལྟར་ཁྱོད་ཀྱི་མཆུ་ནི་ཧ་ཅང་ཞིམ།།
སྔོན་གྱི་ལས་སྐལ་ད་དུང་ཡོད་ན་ཁྱོད་ནི་བདག་གི་ཞིང་ས་རུ།།
མཛེས་སྡུག་རྫོགས་པའི་མེ་ཏོག་བཞིན་དུ་བདག་གི་སྙིང་ལ་བཞད་པར་ཤོག །

ཞེས་ཚོར་བས་བཟུང་བའི་གཞོན་ནུ་མ་ཞིག་ལ་བླངས་བའི་གཞས་ནི་གྲོ་བཞིན་ཟླ་བའི་དཀར་ཕྱོགས་རྒྱལ་བ་གསུམ་པར་རང་ཤག་ནས་ཤར་མར་བྲིས་པའོ།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*