འཁོར་བའི་བསྡུས་འགྲེལ། (ཞར་བཀོད་བཅུ)

                                 གངས་ཆབ་སྔོན་མོ།(རྨ་ལྷོ)

འཁོར་བ་ནི་ལོ་ཟླ་སྔས་སུ་བྱས་པའི་དུར་ཐང་གི་རྡོ་གཅལ་དེའོ། །
འཁོར་བ་ནི་ནད་ཡམས་དང་མེད་མུག་གི་འབྱུང་ཁུངས་དེའོ། །

འཁོར་བ་ནི་མཆོག་དམན་གྱི་དབྱེ་བ་གསལ་བའི་མེ་ལོང་དེའོ། །
འཁོར་བ་ནི་མེད་དུ་མི་རུང་བའི་བཟའ་བཏུང་སྣ་ཚོགས་པ་དེའོ། །

འཁོར་བ་ནི་ཚེ་སྲོག་གི་ངོ་བོ་སྦྲུམ་པའི་རླུང་ནང་གི་མར་མེ་དེའོ། །
འཁོར་བ་ནི་རྔུལ་ཆུས་འཚོས་པའི་སྙིམ་ནང་གི་འབྲུ་རྡོག་དེའོ། །

འཁོར་བ་ནི་སོམ་ཉིར་ཚུད་པའི་བྱེ་ཐང་གི་ཤ་བོ་དེའོ། །
འཁོར་བ་ནི་སྨྱུག་རྩེར་ལུས་པའི་ཐ་སྙད་ཀྱི་གཏུན་ཤིང་དེའོ། །

འཁོར་བ་ནི་ཟད་དུ་མེད་པའི་སྒྲ་དང་རོལ་མོའི་བྲག་ཅ་དེའོ། །
འཁོར་བ་ནི་རྣག་ཁྲག་གིས་བྲིས་པའི་རྟ་ནོར་ལུག་གསུམ་དེའོ། །

འཁོར་བ་ནི་ཟིན་ཐབས་བྲལ་བའི་བསླུ་བྲིད་ཀྱི་དབང་རིས་དེའོ། །
འཁོར་བ་ནི་ཕྱི་ནང་ཡུག་གཅིག་ཏུ་སྦྲེལ་བའི་སྒེའུ་ཁུང་དེའོ། །

འཁོར་བ་ནི་སྨུག་པས་བཟོས་པའི་སྣམ་རས་དེའོ། །
འཁོར་བ་ནི་ཚོས་གཞི་འཛོལ་བའི་ཐང་ག་དེའོ། །

འཁོར་བ་ནི་མཚན་མོའི་དུས་ཀྱི་ངུ་ངག་དེའོ། །
འཁོར་བ་ནི་ཤིང་ལས་བཟོས་པའི་མྱོས་བུམ་དེའོ། །

འཁོར་བ་ནི་རླུང་གིས་བསྒྱེལ་བའི་ཐང་དཀར་དེའོ། །
འཁོར་བ་ནི་ཤོག་བུས་བཟོས་པའི་ཕོ་བྲང་དེའོ། །

འཁོར་བ་ནི་ཆུ་མོས་འཁུར་བའི་སྨྲེང་བ་དེའོ། །
འཁོར་བ་ནི་མུན་པས་འཐག་པའི་རྒས་གཉེར་དེའོ། །

འཁོར་བ་ནི་མཁུར་ཚོས་བརླན་པའི་མིག་ཆུ་དེའོ། །
འཁོར་བ་ནི་མཚོ་རུ་སྐྱོམས་པའི་ཟླ་བ་དེའོ། །

འཁོར་བ་ནི་མི་ཁས་བརྣད་པའི་ངོ་གདོང་དེའོ། །
འཁོར་བ་ནི་ཤིང་ལོས་བརྡུང་བའི་རལ་གྲི་དེའོ། །

འཁོར་བ་ནི་རི་སྐེད་ཀྱི་རི་དྭགས་དེའོ། །
འཁོར་བ་ནི་ལམ་ངོས་ཀྱི་རྐང་རྗེས་དེའོ། །

འཁོར་བ་ནི་སྒང་མགོའི་དར་ལྕོག་དེའོ། །
འཁོར་བ་ནི་ཁང་ཀླད་ཀྱི་སྤྲིན་པ་དེའོ། །

འཁོར་བ་ནི་སྐྲ་འདབས་ཀྱི་མེ་ཏོག་དེའོ། །
འཁོར་བ་ནི་ཐབ་ཚང་གི་ལྕི་བ་དེའོ། །

འཁོར་བ་ནི་བདུག་སྤོས་ཀྱི་དྲི་མ་དེའོ། །
འཁོར་བ་ནི་ནམ་གུང་གི་རྨི་ལམ་དེའོ། །

འཁོར་བ་ནི་གསེར་དངུལ་གྱི་ལག་གདུབ་དེའོ། །
འཁོར་བ་ནི་ཆགས་སྲེད་ཀྱི་འཁུན་སྒྲ་དེའོ། །

འཁོར་བ་ནི་མངལ་གནས་ཀྱི་ཁྱེའུ་དེའོ། །
འཁོར་བ་ནི་ཕྲག་དོག་གི་ཕབ་རྩི་དེའོ། །

མིང་མེད།

ཨ་འཐས་སུ་གྱུར་བའི་འདུ་ཤེས་ཀྱི་འཆིང་རྒྱ་དེ།
ཧ་ཅང་དམ་དྲག་ཚེ། ཁྱོད་ནི་བྱེ་མའི་ཆང་བུ་ཞིག་ཡིན་ངེས།

ས་གསུམ་གྱི་གཏེར་བཅུད་སྦྲུམ་པའི་ཕ་ཡུལ་ནི།
ཤ་ཁྲག་རུས་གསུམ་ལས་གྱེས་པའི་མིག་ཆུ་ཁོ་ན།
ལ་ལུང་དུ་གནས་པའི་གདོང་བ་དམར་པོ་དེ་ཚོ།
རྭ་ཅོ་ལྟ་བུའི་སེམས་སྣེ་སྨུག་ལོག་གེ་བ་དེ་ཡིན་ནམ།

ཡ་ཡོ་མེད་པའི་ཉི་ཟེར་གྱི་ལྷན་པ་དགུ་རྩེག
འ་འུར་གྱི་ཀློང་ནས་ཡུམ་ཆེན་གྱི་སྙིང་ག་རུ་གཡོ།
ཟ་འོག་གི་རི་མོར་ཕབ་པའི་མི་གཤིས་ཀྱི་ཐིག་ལེ་དུ་མ།
ཞྭ་ཁོག་ཏུ་མ་ཆུད་པར་མཚན་མོའི་གཡང་དུ་ཟགས།

ཝ་ལེར་མཐོང་ཆོས་སུ་གྲུབ་པའི་ཡིད་གཟུགས་སྣ་ཚོགས།
ཛ་འཕྲུ་ལྟར་ལོ་ཟླའི་བང་རིམ་སྟེང་གཡས་ནས་གཡས་སུ་བརྐྱངས།
ཚ་བ་ཀེམ་ཀེམ་གྱི་ན་ཟུག་རབ་འབྲིང་ཐ་གསུམ།
ཙ་ཏ་ཀའི་སྒྲོ་སྤུ་བཞིན་དབང་ལྔའི་སྒོ་སྦུབས་སུ་ལྷོད་པོར་གཟེངས།

མ་དག་པའི་སྒོ་གསུམ་གྱི་ཉེས་ལྟུང་ཅི་རིགས།
བ་གམ་མཐོན་པོའི་ཕོ་བྲང་གི་གྲིབ་གཟུགས་ཁྲོད་འགུལ།
ཕ་ཡུལ་ནི་དུར་བྱང་དུ་བརྐོས་པའི་ཡིག་འབྲུ་ལྟར།
པ་ཏྲའི་རི་མོ་བཞིན་སོང་ས་བསྡད་ས་རུ་འཚེར།

ན་ནིང་ལྷ་སའི་བར་སྐོར་གླིང་ནས་འཐོར་སོང་བའི་དྲན་པ་དེ
ད་ལོར་ཙོང་ལ་རིང་མོའི་ཉེ་འདབས་ནས་རྙེད་སོང
ཐ་ཐོར་ཏུ་གནས་པའི་སྐར་མ་རབ་རིབ
ཏ་ལའི་ལོ་མའི་སྟེང་གི་ཡིག་འབྲུ་བཞིན

ཉ་གྲ་ལྟ་བུའི་ནང་སེམས་ཀྱི་རི་མོ་སྐྱ་བོ
ཇ་མདོག་གི་ཟོལ་གྱིས་ཕྲག་སྟེང་ནས་རྒྱང་དུ་བཞུར
ཆ་ཤས་མ་རྫོགས་པའི་འཁོར་བའི་སྲེད་པ་ལྗང་ཁུ
ཅ་ནེ་ནང་གི་ཉི་མ་དང་ཟླ་བའི་བར་ཐག་ཏུ་གྱུར

ང་ཡི་དྲན་པ་དེ་གང་ན། ང་ཡི་མགོ་བོ་དེ་གང་ན།
ག་ལེར་སེར་ཐག་ཆོད་པའི་ངོ་གདོང་ཡོད་ཚད།
ཁ་བ་བཞིན་ངའི་བྲང་ཁོག་ནས་ཞུ་བར་གྱུར་ཅིག
ཀྭ་ཡེ་རིགས་མཐུན་གྱི་སྤུན་ཟླ་ལགས།
ང་ཡི་ལག་ཟུང་ག་ལེར་ལྷོད་ཅིག

རྩེད་མཚར།

ཝ་ཡེ། ནང་དུ་མ་འཛུལ་སྒང་དུ་བུད།
རི་མཐོ་ས་རུ་ཙག་རླུང་རྒོད་ནའང་།
དྲན་གདུང་གི་མིག་ཆུ་སྤྲིན་པས་བྱི་ཆོག
ཚངས་རྒྱམ་གྱི་མགུར་ལྷག་རྒོད་སྒྲོས་བྲི་ཆོག

འཁོར་བའི་ཞེ་རྩ་སྙི་མོ་དེ་ཡང་།
འུར་མཐིལ་གྱི་རྡོ་བ་ཇི་བཞིན།
ཡར་ཀླུང་གཙང་བོའི་ནང་ཁྲོག་སྒྲ་དང་བཅས་འཕངས་ཆོག

ཞེད་སྣང་།

བྱ་གླག་ཅིག་གི་སྡེར་མོ་བགྲད་པ་ལྟ་བུའི།
ཆུ་མོ་ཞིག་གི་དྭངས་ཤ་རྙོག་པ་ལྟ་བུའི།
ཉི་ཟེར་གྱི་འཇའ་རིས་སྐྲ་རྩེ་ལས་ཟགས་དུས།
ཡིག་འབྲུའི་ཁ་དོག་བོར་བའི་སྐྱ་མི་ཞིག
མེ་ཏོག་གི་ལྕེབས་ཐག་ལ་དཔྱངས་སྐད།

ཁབ་གཙགས་བྱས་ཀྱང་ན་ཟུག་མེད་པ་ལྟ་བུའི།
ཕོར་བ་འཕྲོག་ཀྱང་སྡུག་བསྔལ་མེད་པ་ལྟ་བུའི།
ཉིན་མཚན་གྱི་སྦྲུལ་སྔོན་མགྲིན་སྦུགས་སུ་འཛུལ་དུས།
གཡུ་བྱུར་བཏགས་པའི་བུ་མོ་ཞིག
ཁྲུང་ཁྲུང་གི་གཤོག་རྡེབ་ཁྲོད་ཡལ་སྐད།

ཞོགས་པ་ཞིག་གི་སེམས་ངལ་ཡང་མོ།

ཕ་རོལ་གྱི་རི་ཆུ་ཁྲི་ཕྲག
ཞོགས་རླུང་ཁྲོད་ལྷུག་གེར་བསྟུངས་པས།
རྟ་མཆོག་དང་སྨན་ཤར་ཁྲི་མུན་དུ་ཚུད།

སྔོ་དྲེག་མཐུག་པོའི་གཞོན་ནུ་མའི་མིག་ཆུ་དྭངས་མོ།
སྲས་ཆེན་རི་བོའི་འདབས་རོལ་གྱི་ཆུ་མིག་ཁོ་ནར་གྲུབ།

ཐ་སྙད་ཀྱི་ཐིག་ལེ་འཛགས་པའི་ས་མིང་རེ་རེ་ནི།
འཆིང་བ་འགྲོལ་བྱེད་ཀྱི་འབྲུག་སྒྲ་ཡེར་བོ་རེ།

སྨྲེང་བ་འཁོར་བའི་བསིལ་རླུང་འཁྱགས་པོ།
གཡག་རྒྱབ་ལས་ཕབ་པའི་སེམས་ངལ་ལྕི་མོ་ཞིག

རི་རྩེའི་སྤྲིན་དཀར།
སྡེ་འདབས་ཀྱི་གཙང་ཆུ།
རུས་སྒྲོམ་དུ་བཙུད་པའིཁྲག་གི་གཟི་མིག་དགུ་བ།

སྣང་སྟོང་།

སྐྲ་རྐང་གཅིག་དཀར་པོར་གྱུར་བ་ན།
ཡིག་འབྲུ་ཞིག་མེ་ཡིས་འཚིག་གིན་པ་སུ་ལ་གསལ།

ཐ་དད་དུ་གྱུར་བའི་སེམས་སྣེ་མང་པོ།
འཁོར་བའི་དོང་ཁར་ནགས་ཚལ་བཞིན་འཁྲིགས།

བློ་ཡིད་མ་ཚིམས་པའི་ལོ་ཟླའི་བྲང་གཞུང་དུ།
བཙལ་ནས་མ་རྙེད་པའི་གསེར་གྱི་རྟ་མཆོག་དེ་ལུས་ཤིང་།
རྙེད་ནས་བོར་སོང་བའི་དངུལ་གྱི་མཛུབ་དཀྲིས་དེ་ལུས།

ངོ་གདོང་དང་ངོ་གདོང་ཁྲོག་གེར་འཕྲད།
ཁུ་བ་དཀར་དམར་གཙང་བོའི་གཞུང་ལ་འདྲེས།
མིག་ཆུ་དང་གྱེས་བྲལ་གྱི་ངུ་ངག་ཕྲ་མོ།
ཉི་ཟླའི་ཟེར་མ་རུ་འཐིམས་ཏེ་དུར་ཐང་དུ་ལྷོད་ཀྱིས་འཛར།

ལྟར་སྣང་གི་བུམ་པར་ལྟེམས་པའི་ཐེ་ཚོམ་གྱི་རྔུལ་ཆུ།
སྐྱེ་བ་དང་འཆི་བས་བདས་པའི་མིང་བརྡ་རེ་རེར་འཐིམས།

སྡེ་ཆེན་མི་ཁ།

མི་ཁའི་མེ་དཔུང་དེ་རབ་ཏུ་མཆེད་པས།
དཀར་ཡོལ་གྱི་རེག་བྱ་མ་ཟིན་པའི་སོར་མོ་དག
སྲང་ལམ་ཡོད་ཚད་ལ་སྡོང་ལོ་བཞིན་འཐོར།

ཞོགས་པ་རེ་རེ་ནས་ས་སྲོད་རེ་རེའི་བར།
སྡེ་ཆེན་པོའི་ཕྱི་ནང་གྲིབ་མས་ལྟེབས་ཟིན་ནའང་།
ཡུལ་མི་ཚོའི་གདོང་ལ་ཆར་བ་ཤག་ཤག་ཏུ་འཇོ།

འཇགས་ཐབས་བྲལ་བའི་སྡེ་ཆེན་མི་ཁ།
གྲོལ་བ་མེད་པའི་སེམས་ཀྱི་གཏིང་སར་འཁྱིལ།
མི་ཁ་གཅིག་བྱུང་གཉིས་བྱུང་།
དགོད་ཁ་ཡང་འཆོར་གཏིང་འཆོར།
ན་ཟུག་གཅིག་འཇགས་གཉིས་ལངས།

སྐྲ་ལོ་གང་སར་འཐོར་ཤུལ་ཏུ།
འཛུམ་མདངས་ལ་ཤས་ཉི་ཟེར་ལ་འཁྲུལ་རྗེས།
འདུན་མའི་རྩ་བ་རྐང་རྗེས་ཁོ་ནར་བཏབ།

བྱུང་རྒྱལ་གྱི་གྲིབ་མར་འཚང་བའི་མི་ཚོགས།

སྡོམ་རྒྱ་དཔྱངས་འདྲའི་རུས་པའི་ལྷུ་ཚིགས་ལས།
ནས་སྙེ་བཞིན་མགོ་ལྕོག་དལ་བུར་ལྡེམ་དུས།
ཉི་མའི་དཀྱིལ་འཁོར་ལས་ཁྲག་གི་ཐིགས་པ་ཟགས་ཤིང་།
རྩྭ་རྩེའི་ཟིལ་བ་རུ་རྣག་གི་མེ་ཏོག་བཞད་སོང་།སྲོད་དུས་ཀྱི་དྲན་པ་འཁྱགས་པོ།

ཉི་ནུབ་ཀྱི་མཚམས་སྤྲིན་དམར་སེར།
མེ་ཏོག་སྣ་ཚོགས་བཞིན་སྐྲ་གསེབ་ནས་མགོ་ལྕོག་ལྡེམ་དུས།
ཚུལ་འཆོས་ཀྱི་ཡོ་ལང་ཁྲོད་རྩེན་པའི་ཀེང་རུས་ཅི་རིགས།
ལོ་ཟླའི་གཏིང་རིམ་དུ་བླ་གཡུ་བཞིན་འཚེར།

སྲོད་དུས་ཀྱི་མདོག་ཡལ་བའི་རི་ཆུ་དག
སྲོད་དུས་ཀྱི་འགྲོས་འཆོལ་བའི་གླུ་སྐད་དག
ཕ་གིའི་ཉག་ཁ་ལས་བྲག་ཅ་བཞིན་མཆེད་དེ།
ཕོར་བ་ལྟ་བུའི་སྙིམ་པར་ཡང་ཡང་ལྷུང་བས།
ཕྱི་ནང་མེད་པའི་སེམས་གཅོང་ཟབ་མོ་འདིའང་།
སྒང་མགོའི་དར་ལྕོག་དེ་དང་ཅིས་མི་མཚུངས།

གློག་འོད་མོག་པོས་སྲང་ལམ་གྱི་རྐང་རྗེས་ཡོད་ཚད།
རེ་རེ་བཞིན་ཕྱི་བསློག་ནང་བསློག་བྱ་དུས།
སེམས་ཀྱི་གཏིང་རིམ་ན་ལྷབ་པའི་མར་མེ་གཉོམ་པོ་དེ་ཡང་།
ཆེས་མཐའ་མཇུག་གི་གྱེས་ཕྱག་ལྷོད་པོ་ཞིག་ཅི་ལ་མིན།

སྟབས་སྟབས་པོར་བརྒྱུས་པའི་ཡིག་འབྲུའི་ཁྲོད།
རི་གྲོང་དེ་རྩིབས་བར་དུ་ཡོངས་སུ་འཐིམས་ཚར།
སྨ་ར་དེ་ཡང་རྩིབས་ངོས་ནས་རྨང་ནས་སྐམ་ཚར།

ཡུལ་མི་ཚོའི་ལག་ངར་སྲོད་དུས་ཀྱིས་ཡར་ཡར་བཀྱག་ནའང་།
རྒུད་པ་མེད་པའི་བློས་བསླངས་ཀྱི་རོལ་དབྱངས་སྐྱ་བོ།
སྡིག་སྒྲིབ་མེད་པའི་སྲོད་དུས་ཀྱི་རྭ་བར་ནས་སྐམ་ཞིང་གྱོང་།

ས་ཁྲའི་སྟེང་གི་ཕྱིར་དྲན།

ལྕུག་ལྕུག་ཏུ་གཡོ་བའི་ཉི་ཟེར་གྱི་ཐིག་ལེ་རྣམས།
དུས་ཚོད་ཀྱི་གཙང་བོའི་གཞུང་དུ་ཟགས་ཤིང་།
དེ་ལས་འཁྲེང་ཞེན་གྱི་བྱུར་རྡོག་མང་པོ།
ཕ་ཡུལ་གྱི་མཐོངས་ཡངས་ནས་ཆར་བ་བཞིན་བབས།

ཕ་ཡུལ་ནི་དོར་ཏུ་མེད་པའི་མེ་ལོང་ཞིག་ཡིན་ཚེ།
མེ་ལོང་གི་བར་སྟོང་དུ། ང་ཁོ་ནའི་སེམས་གཅོང་ལས།
གཞན་ཅི་ཡང་ཡེ་ནས་མཐོང་རྒྱུ་མི་འདུག

རྣང་ཞིང་དག་ས་རྒོད་དུ་གྱུར་ཅིང་།
རྟ་ལུག་ནོར་གསུམ་གྱི་ཁྱུ་ཚོགས་ཀྱང་།
རང་ཁྱིམ་དང་རྒྱང་དུ་གྱེས་ཚར།

རི་ཀློང་གི་བྲག་ཅར་འཁྱིལ་བའི་རི་གླུ་སྙན་མོ་དེ་ཡང་།
བྱེའུ་ཅོ་ཀ་ཞིག་གི་གཤོག་རྩེ་རུ་ལུས་ཤིང་།
ཆུ་མོ་ཞིག་གི་འགྲམ་ངོགས་སུ་འཐིམས་སོང་།

ཕྱིར་དྲན་ནི། ཚོས་གཞི་འཛོལ་བའི་ས་ཁྲ་ཞིག་ཡིན་ཏེ།
ངས་ནི་ས་ཁྲའི་ངོས་ནས་ཡང་ཡང་བཙལ་མོད།
ཆུང་དུས་ཀྱི་ཕ་ཡུལ་ཧྲིལ་བོར་ཆག་གྲུམ་ཐེབས་སོང་ངམ།
ཕ་ཡུལ་ཧྲིལ་བོ་གཏན་ནས་རྙེད་ཐབས་མི་འདུག་ཨང་།

དྲན་པ་མག་མོག

སྤང་སྔོན་མོར་སེར་ཐིག་གཅིག་ལྷུང་གཉིས་ལྷུང་།
ཞེ་སྨྲེང་བའི་ལ་གཞས་གཅིག་བཏང་གཉིས་བཏང་།

གངས་འདབས་སུ་རྒྱང་ཐག་རིང་དང་།
མི་ཁ་ཡི་གཅོང་རོང་ཟབ་པས།
ཁྱོད་གདོང་ནི་རླུང་བུས་བསྒྲིབས་སོང་།

རྩྭ་ལྗང་དེར་ཅི་ཁག
ཕྱེ་ལེབ་དེ་གར་འཕུར།
སྤྲིན་པ་དེར་ཅི་བྱུང་།

དྲན་པ་རུམ་ལ་ཉར་བས།
ཚིག་གི་གཟུངས་ཐག་ཆད་སོང་།

དྲན་པའི་ཁ་དོག་གང་ལ་བསྒོ།
གང་ལ་མ་བསྒོས་སྤང་ལ་བསྒོས་སོང་།

ཡ་ཆུང་འདི་སྤང་ཐང་ཨེ་རེད།
སྤང་ཐང་དེ་ཡ་ཆུང་ཨེ་རེད།

སེར་ཐིག་ལྷུང་བའི་གློ་སྙིང་།
ཁྲུང་ཁྲུང་གི་གཤོག་པས་མ་ཐེག

ཉི་ཟེར་སྤྱི་གཙུག་ཏུ་འཕྲོས་ཀྱང་།
ཟླ་འོད་སྔས་འགྲམ་དུ་ལྷུང་ཡང་།

དྲན་པ་འདིའི་ཁུད་ནས།
ཁའི་དུང་སོ་སུམ་ཅུ་འཐོར་གིན་ཡོད།
ལུས་ལྷུ་དྲུག་གཟུགས་གཞི་སྒུར་གིན་ཡོད།

རླུང་བུ་ཤག་ཤག་གཡས་ནས་གཡུགས་ཤོག
ཆུ་མོ་ཤང་ཤང་གཡོན་ནས་བཞུར་ཤོག

སེམས་པ་བྱེས་སུ་བསྟབས་ཚུལ།

ཨ་ཐང་ཆད་པའི་ཐ་སྙད་ཀྱི་རིལ་བུ་ཇི་སྙེད།
ཧ་ཅང་སྡུག་པོའི་ཟོལ་གྱིས་ས་སྲོད་ཀྱི་པང་དུ་འཐོར།

ས་ཕྱོགས་ཀྱིས་བཅད་པའི་གདུང་བ་མག་མོག
ཤ་དང་རུས་པའི་ལྷུ་ཚིག་ལས་གྱེས་ཏེ།
ལ་མོའི་ཕར་རྒྱབ་ཀྱི་མེ་ལོང་ལྟ་བུའི་མཚེའུ་ནང་དུ།
ར་རིའི་དྲི་མ་མེད་པར་ཉིན་ནས་ཟླ་རུ་འཛུམ།

ཡ་གའི་རི་ཟོམ་ལ་དཔྱངས་པའི་ཚེས་རིས་འཁྱོག་པོ།
འ་འུར་དང་ཟོལ་སྦྱོར་གྱི་ཀློང་ནས་ང་ཡི་སྨྱུག་རྩེར་ལུད།
ཟ་འོག་གི་རིས་སུ་བཀྲ་བའི་གཡང་སྡེ་གོར་མོ་དེའང་།
ཞ་རེངས་སུ་གྱུར་བའི་སེམས་སྣེར་དུ་མར་རྒས་ཤིང་འཁོགས།

ཝ་ལེར་བསམས་ཀྱིན་བསམས་ཀྱིན་ཡ་ང་བའི་མཚན་མོ་དེ།
ཛ་དྲག་ཏུ་གྱུར་ནས་སླར་ཡང་ཡལ་སོང་བའི་ངོ་གདོང་དེ།
ཚ་བ་ཀེམ་ཀེམ། གཟེར་བསླང་བསླང་དུ་སྣང་བ་ནི།
ཙ་རིའི་སྨྱུག་སོས་རྐང་མཐིལ་ཕུག་པ་ལྟར་སྣང་།

མ་བཅོས་ལྷུན་གྲུབ་ཀྱི་གཙང་ཆུའི་ངོ་བོ།
བ་སོས་བརྒྱན་པའི་མེ་ལོང་དུ་དྭངས་ཤིང་གསལ།
ཕ་རོལ་གྱི་སྡེ་འདབས་ནས་མཆེད་པའི་ལ་གཞས་སྙན་མོ།
པ་ཏྲའི་རི་མོ་ལྟར་སེམས་འགྱུའི་གཏིང་རིམ་ནས་ཡར་ཡར་འཕྱོ།

ན་ཚོད་ཀྱིས་བསྒོས་འོང་བའི་སེམས་གཅོང་དེ་ཀོ།
ད་ཆར་བསྐྱར་ཡོང་མེད་པའི་དུས་ཚོད་དེ་ཀོ།
ཐ་དད་དུ་སྣང་བའི་སྟོང་ཉིད་ཀྱི་ཐིག་ལེ།
ཏ་ལེན་བྱེ་བ་དགུ་སྟོང་མཚོ་རུ་བཏབ་པ་ཙམ་མོ།

ཉ་གང་ཟླ་བ་དེ་སྐྱོ་བ་སངས་བྱེད་ཀྱི་ནོར་བུ་ཞིག་ཡིན་ནམ།
ཇ་ཡུན་ཙམ་ལའང་ཡལ་བར་སྙམ་པའི་ཐེ་ཚོམ་ནི།
ཆ་བྱད་མ་རྫོགས་པའི་ངོ་གདོང་གཞན་ཞིག་སྟེ།
ཅ་ནེ་ནང་གི་རླངས་པ་ཐོལ་ཐོལ་དེའོ། །

ང་ཡི་གསེར་སྒ་བསྟད་པའི་རྟ་མཆོག་དེ་གར་སོང་།
ག་ལེར་ཡལ་གྱིན་པའི་སྣང་བརྙན་མཐའ་དག
ཁ་བའི་མེ་ཏོག་གི་འདབ་མ་རེ་རེ་བཞིན།
ཀ་མད་སུམ་ཅུའི་ཚིག་རྐང་ལ་འཐིམས་ཤོག

Be the first to comment

Leave a Reply

Your email address will not be published.


*