རྟོག་འགྱུའི་ཚོམས།

རི་བོ་འདིའི་ཕ་རོལ་
དེའི་ཕ་རོལ་གྱི་རི་བོ་བཞིན་ཧ་ཅང་བརྟན་པ་མ་ཡིན་ནམ
ལས་སྐལ་གྱི་གཙང་བོ་གང་སར་བཞུར་ན་ཡང
ངས་རི་བོའི་དེའི་གམ་གྱི་ཕ་བོང་བཞིན
འགྱུར་མེད་རྟག་བརྟན་ཞིག་ཏུ་སྒོམ་གྱིན་ཡོད


འགྱུར་སོང་བ་དྲན་ན
མགོ་སྒུར་ནས་མིག་ཆུ་རེ་འདོན་ནམ
གྱེས་སོང་བ་དྲན་ན
ཕྱིར་འཁོར་ནས་ལག་བརྡ་རེ་བྱེད་དམ

བརྩེ་བ་འཇམ་ཀླས་པའི་མེ་ལོང་དུ
ང་ཁྱོད་ལ་བསྙིམས
ཁྱོད་ང་ལ་ཐིམ
ངོ་བོ་དབྱེར་མེད་ཀྱི་གཟུགས་བརྙན་ནི
གསེར་གྱི་མཆོད་སྡོང་དུ་བཤམས་པ་ཡོད་ལ
དངུལ་གྱི་ཐམ་གར་བསྐོས་པའང་ཡོད

ཐ་སྙད་ཀྱིས་ཀྱང་མཚོན་མི་ནུས་པ་དག
ཡིད་ཀྱི་མཐིལ་ནས་འཁྲུངས་བྱུང་ལ

དམ་ཚིག་གིས་ཀྱང་མཚོན་མི་ནུས་པ་དག
ངག་གིས་ཀྱང་འཁྲོལ་གྱིན་མི་འདུག་ཨང

གདོང་དམར་བ
རྟ་ཕོའི་རྨིག་སྒྲ་ལས་ཆད་པའི་སྐྱོ་གདུང
ཁྱོད་ཀྱི་རུས་རྐང་ལ་འཐིམས་དུས

སུ་ཞིག་གིས
ཁྱོད་ཀྱི་ཡིད་སེམས་གསོ་མྱོང
གང་ཞིག་གིས
ཁྱོད་ལ་དགོངས་དག་ཞུ་མྱོང

ཚེ་ཡི་ལོ་མ་རླུང་གིས་སྐྱོར་དུས
ངག་འདར་བའི་ཁུ་བྱུག་ཀྱང་རྒྱང་རིང་དུ་ལོག

སད་དང་སེར་བའི་བར་ཆད་རྡོལ་དུས
སྙིང་ཉེ་བའི་མེ་ཏོག་ཀྱང་རྒྱང་རིང་དུ་འཕུར་འདུག

ས་སྲོད་ནི
སྟོང་འདང་རེའི་ཁྲོད་དུ་ལུས

སེམས་པ་འཁྱག་ཚུལ་ལ་མ་ལྟོས་པར
དྲན་གདུང་གི་མེ་ལོང་དུའང་འཆར་གྱིན་འདུག

ཟླ་བ་སྤྲིན་གྱིས་བཟུང
ཆུ་བོ་དར་གྱིས་བཏུམ་ན
ང་དང་འབྲེལ་བ་མེད

ཁྱོད་ཉིད་དགུན་གྱིས་གཙེས
ཕྱི་ནང་འཁྱག་གིས་བསྡམ་ན
ང་དང་འབྲེལ་བ་ཡོད

རྒྱང་རིང་རྒྱང་རིང་ནི
སྙིང་ཉེ་བའི་ཡུག་ས་ཞིག་རེད

སེམས་ཀྱི་གཤིས་སུ་སྨིན་པའི་རྒྱང་རིང་དེ
རྨི་ལམ་གྱི་ངང་ནས་རྒྱང་རིང་ལ་ཆས་འགྲོ

༡༠

ཁྱོད་ཀྱིས
ཟླ་བ་མཐོངས་སུ་སྒོམ་དུས
ང་ལ་ཚོར་སྣང་ཅི་ཡང་མ་བྱུང

ཁྱོད་ཀྱིས
དྲན་པ་གྱང་ངོས་སུ་བཀལ་དུས
ངས་ཕྱིར་དྲན་དང་མཉམ་དུ་རྒྱང་རིང་དུ་བཏང་ཟིན

༡༡

མཚན་མོའི་ངོ་གདོང་ལས
ཐང་ཆད་པའི་རྔུལ་ཆུ་བཞུར་བྱུང

ལས་སྐལ་གྱིས་ཅི་ཡང་མི་བསམ་པར
ཁ་རོགས་གེར་བསྡད་འདུག

༡༢

ཁེར་རྐྱང་གི་གཡོར་གྲུ
འཇམ་ཀླས་པའི་མཚོ་སྟེང་དུ་བཞད་དུས

སུ་ཞིག་གིས
དམ་ཚིག་གི་དར་ཆེན་བཙུགས་ཏེ
བརྩེ་གདུང་གི་གཡོར་ཤིང་ལས་ཕ་རོལ་དུ་སྐྱོད

༡༣

གློ་བུར་དུ
ལོ་མ་འཐོར
མེ་ཏོག་སྐམ
ཤིང་གི་ཡལ་ག་རེ་རེེར
སྐྱོ་གདུང་གི་ཁ་བ་བབ་བྱུང

གློ་བུར་དུ
རླུང་བུ་ལྡང
སེམས་པ་འཁྱག
མི་ཚོགས་ཀྱི་ངོ་གདོང་ལས
ཕྱིར་དྲན་གྱི་ཆར་བ་བབ་བྱུང

༢༡ ༧ ༢༩ འུ་ཟི།

Be the first to comment

Leave a Reply

Your email address will not be published.


*