མཆོད་སྤྲིན་པད་དཀར་མ།

—— དཔལ་ལྡན་ས་སྐྱ་གོང་མའི་འཁྲུངས་སྐར་ལ་ཕུལ།       བཞག་ཚ། མི་ཉག

འཇིག་རྟེན་སྒྱུ་མའི་སྒང་གཞུང་ན།།
ཉི་མའི་འོད་ཀྱིས་གཟི་བྱིན་འཕྲོ།།
སེམས་ཀྱི་དག་པའི་ཡིད་མཚོ་ན།།
ཁྱེད་ཀྱི་བརྩེ་བའི་ཐུགས་ཞལ་གྱིས།།
སྲིད་པའི་གཞུང་ན་འཛུམ་བག་ཅན།།

འཁོར་བའི་ལས་ཀྱི་མཚན་གཞུང་ན།།
ཟླ་བ་བསིལ་བའི་ངང་ཚུལ་ཅན།།
ཡིད་བློ་རྨོངས་པའི་གུར་ཁང་ན།།
གང་གསུང་མགྲིན་པའི་རྩ་རྫོགས་ནས།།
ལེགས་བཤད་ཆར་ཆུ་དལ་དལ་བཞུར།།

སེམས་པ་འཁྲུལ་བའི་སྙིང་པོ་ལ།།
དཔག་བསམ་ལྗོན་པའི་ཡིད་གར་འོང་།།
འགྲོ་བའི་སྡུག་བསྔལ་རླུང་གིས་གཡོ།།
སྐལ་ལྡན་དད་པའི་འཇུག་ངོགས་ན།།
སྐྱབས་མགོན་གོང་མ་ཡིད་བཞིན་ནོར།།

སྲིད་གསུམ་འཁོར་བའི་ཡིད་ཐང་ན།།
སྙན་ངག་མཆོད་སྤྲིན་པད་དཀར་མ།།
ངེས་དོན་བསྟན་པའི་སྙིང་པོར་མཆོད།།
སྐུ་ཚེ་ཡུན་རིང་བརྟན་པའི་ཆེད།།
ཚེ་དཔག་མེད་དང་མཐུན་པར་ཤོག།

2021/9/6 རྫོང་སར་ནས།

Be the first to comment

Leave a Reply

Your email address will not be published.


*