མཆོད་སྤྲིན་དམར་པོ།

—— དཔལ་ལྡན་ས་སྐྱ་གོང་མའི་འཁྲུངས་སྐར་ལ་ཕུལ།      ངག་སར། མི་ཉག

སེམས་ཅན་ཀུན་ལ་བྱམས་ལྡན་པའི། །
རྨད་བྱུང་མགོན་པོ་ཁྱོད་ཉིད་མཚར། །
བསིལ་ཟེར་ཅན་གྱི་འོད་འབྱུང་བའི། །
ཀུ་མུད་སྐྱེས་བུ་འཁོར་དུ་འདྲེན། །

སྒྱུ་མའི་སྲིད་པའི་ཐང་ཆེན་དུ། །
འཇམ་དབྱངས་མི་ཡི་རྣམ་རོལ་ཁྱོད། །
བརྩེ་བ་དམ་པ་འགྲོ་ལ་གཟིགས། །
ཡིད་འོང་དག་པའི་ཞིང་དུ་འདྲེན། །

མགོན་པོ་སྤྱན་ལ་སྦྱར་ནས་ནི། །
ཁམས་གསུམ་སྡུག་བསྔལ་སེལ་བ་བྱེད། །
བདག་ནི་དམ་པར་སྐྱབས་སོང་བས།།
ངུར་སྨིག་དར་ལ་འབྲལ་མེད་ཤོག།

ཉི་མ་ལྟ་བུའི་མཛེས་སྡུག་ཁྱོད། །
ཆུ་སྐྱེས་འདབ་བརྒྱ་འཛུམ་པར་མཐོང་།།
འདུ་འཛི་དབེན་དུ་གསོལ་འདེབས་པའི།།
འཇིག་རྟེན་ཀུན་པོ་བསོད་ནམས་ཆེ།།

༢༠༢༡་ ༩ ༦ རྫོང་སར་ནས་སྦྱར།

Be the first to comment

Leave a Reply

Your email address will not be published.


*