པདྨའི་ལེའུ། མུ་འབྲེལ།

༈ པདྨའི་ལེའུ། ༡

སྤྲིན་གདུཊ་གུར་འབར་བའི་རི་གྲོང་གི།
དྲི་ལྗང་སྨུག་མཆེད་པའི་མེ་ཏོག་དེ།།
ས་འཇིག་རྟེན་སྣང་བ་ཞོག་ས་རེད།།
ཞེ་ཆགས་གི་རྣམ་ཤེས་ལོས་ཀྱང་འཁོར།།
གཞི་སྐྱེ་བའི་དར་མདུད་རྒྱབ་པ་ནས།།
འདང་ཨ་ལོང་དགུ་ཡི་ཁུག་མགོ་ནས།།
བློ་བཀོད་པའི་མེ་སྟག་རླབས་ཀྱིས་སྐྱོམ།།
ལར་རྟོག་ཚོཊ་རྒྱ་མཚོའི་འཇིངས་དབུས་སུ།།
སྔོ་ཡུག་ཡུག་མཁའ་འགྲོའི་དར་ལྗང་འཐེན།།
འདེངས་མི་ཆོད་འཁོར་བའི་རྨི་ལམ་དུ།།
ཤར་ཟླ་འོད་ཚོད་ཙམ་ཚོད་ཙམ་མཐོང་།།
ནགས་པད་མའི་བྱིན་རླབས་རྙེད་པ་ཡི།།
བྲག་རྩེ་གསུམ་འདེད་ཀྱི་རི་དྭགས་དེ།།
གླིང་ཉི་ཟླའི་གཙང་བོ་བརྒལ་དུས་ན།།
ལས་འཕྲོ་ལྷག་མའི་སྣ་གླུ་ཤིག་ཤིག་འཐེན།།

༈ པདྨའི་ལེའུ། ༢

སྤྲིན་དཀར་ཚུར་ཡོང་ཉག་ག་དེ་ནས་ཡིད་འཕྲོག་ལྷ་ཡི་རྫིང་བུ་མཐོང་།།
མཆོད་པའི་མེ་ཏོག་དབྱིངས་སུ་འདེགས་པའི་མཁའ་འགྲོ་སྡེ་ལྔས་ཁྲུས་ལ་རོལ།།
སྒྲ་སྙན་པད་མའི་བུ་ག་དག་ནས་རང་བྱུང་དབྱངས་ཀྱི་འཇའ་ཚོན་མཆེད།།
མཚར་སྡུག་ངག་གི་གཤིས་གླུ་ལེན་པ་སྒྱུ་འཕྲུལ་ཀླུ་ཡི་ཟླ་བ་བསྒུལ།།

སྒྱུ་མའི་འོད་ཀྱི་དྲིལ་ཆུང་འབར་བའི་ཟླ་འོད་དམར་པོའི་ཐོག་ཁང་གི།
ངོ་མཚར་སྙིང་གི་སྐར་འོད་འཐུ་བའི་མཛེས་སྡུག་བདག་གི་དབྱངས་ཅན་ལཊ།།
གཡུ་ལོ་བཀོད་པའི་གདན་ལས་བཞེངས་ཏེ་སྣ་ཚོགས་སྤྲུལ་པའི་གར་ལ་རོལ།།
རྫོགས་ལྡན་གཡུ་ཡི་ཆུ་མིག་འགྲམ་ནས་རྟེན་འབྲེལ་མཆོད་ཁ་ཉམས་ཀྱིས་འཕེན།།

དྲི་མཆོག་ཙན་དན་ནགས་རླུང་ཁྲོད་ཀྱི་རི་དྭགས་དེ་གའི་འཕོངས་མགོ་རུ།།
ཏིང་འཛིན་འོད་ཀྱི་བ་གམ་འཁྲིགས་པ་མཇལ་བས་ཡིད་ཀྱི་གསལ་སྒྲིབ་བོར།།
རིན་ཆེན་འབྲུག་བརྒྱ་ཡིད་འོང་ལྡན་པའི་དཔག་བསམ་ཤིང་གི་ཆང་ཕོར་ནང་།།
འཆི་མེད་བདུད་རྩི་འོད་ལྟར་ཉིལ་བ་བསོད་ནམས་སྟོབས་ཀྱི་སྐྱེ་མཆེད་ཡིན།།

གསལ་སྟོང་རྣམ་ཤེས་རྒོད་པོའི་གཤོག་རྩེར་དམར་ནག་གློག་གི་རལ་པ་འཁྱིལ།།
ཟུང་འཇུག་དབུ་མའི་རྒྱ་མཐོངས་ཤད་ནས་ཨ་ཡིག་དཀར་པོ་ཡར་ཡར་ལྡིང་།།
བདེ་ཆེན་གར་གྱི་ཉམས་བརྒྱ་གྲོལ་བའི་སྟོང་ཉིད་ཆོས་ཀྱི་ལྷ་མོ་ཡིས།།
རྡོ་རྗེའི་གོས་ཀྱི་ཤོམ་རིང་འཐེན་དུས་སེམས་ཅན་གཞན་གྱི་བར་ཆད་སེལ།།

ལམ་འགྲོའི་རྟ་ཁ་འཐེན་ཙམ་བྱེད་དུས་མཛེས་སྡུག་གསེར་གྱི་ཐང་ག་རྙེད།།
ཨ་དཀར་དུང་གི་མཆོད་སྟེགས་དེ་རུ་ཚེ་གང་མཆོད་པའི་མགྲོན་དུ་བྱས།།
འདང་གི་ཞབས་ཟུང་ཕྱག་གིས་འདེགས་པས་ལས་འཕྲོ་ལྷག་མའི་རྨི་ལམ་དུ།།
མཛེས་སྡུག་དངུལ་གྱི་གཙང་བོ་འཕྱུར་ནས་འཁོར་བའི་ས་ཤུན་གཏོར་བ་མཐོང་།།

༈ པདྨའི་ལེའུ། ༣

ཡིད་དགེ་བ་ཙམ་གྱི་བག་ཆགས་ཀྱིས།།
ཡུལ་འདི་རུ་ལན་གཅིག་ཐོན་ནས་སོང་།།
མ་སེམས་ཅན་འཐིབས་པའི་གྲོང་ཁྱེར་ནས།།
ཁམས་དྭངས་དུས་མི་དྭངས་གཉིས་ཀ་ཡོང་།།
གཟུཊ་རིང་ཐུང་གཉིས་ཀྱི་ན་ཚོད་ལ།།
ཁ་ཚིག་གཅིག་རང་ཕྱོགས་ལྷུང་བ་མང་།།
རྫུན་ཕྲ་མ་བྱུང་ཚད་དཀོན་མཆོག་མཁྱེན།།
དགུང་ཉི་ཟླ་སྒྲིབ་པའི་དར་འཕྲུ་དང་།།
ས་འཇིག་རྟེན་བཤགས་པའི་རྟ་ཕོ་གཉིས།།
དཔེ་བཞག་ན་ཧ་ལམ་མཐུན་ཚོད་ལྟར།།
ཕོ་རང་རྐྱ་ཐུབ་པའི་དུས་ཚོད་ལ།།
ལས་དགེ་སྡིག་གཉིས་ཀྱི་བཞི་མདོ་ནས།།
གཏམ་བཟང་ངན་གཉིས་ཀྱི་ཀི་རིང་བཏབ།།
ཡག་དམ་ཆོས་བྱིན་རླབས་ཆེ་ལགས་སམ།།
ཡང་ལམ་འགྲོའི་གློག་འོད་འཁྱུག་ལམ་སམ།།
སྤྲིན་ན་བུན་ལྡིང་བའི་གཙང་འགྲམ་ནས།།
གཡུ་དྲུག་དཀར་ཞིག་གི་སྐེ་རྒྱན་རྙེད།།
ལར་བལྟས་པས་མི་བཟོད་གསེར་ཞག་མཆེད།།
མཛེས་སྡུག་གུར་འབར་བ་བཤད་ཅི་དགོས།།
རྟགས་རྟེན་འབྲེལ་འགྲིག་གི་ཕྲ་ཞིག་བཀོད།།
ཚེ་སྐད་གཅིག་བསྡོད་ཀྱི་ད་ཚོད་ལ།།
ལྷ་བླ་མས་གནང་གི་བྱིན་རླབས་དེ།།
འདིའི་ཡན་ལ་ངས་ཀྱང་མི་སློང་ངོ་།།

༈པདྨའི་ལེའུ། ༤

སྣ་ཚོགས་པད་མའི་གྲོང་ཁྱེར་དུ།།
གཟུགས་འགྱུར་སྤྲིན་གྱི་རི་དྭགས་རྒྱུ།།
གཡོ་ལྡན་བུང་བའི་གླུ་སྐད་ཀྱིས།།
རིག་འཛིན་ལྷ་ཡི་ཅོད་པན་བསྒུལ།།
ཆུ་འཛིན་སྤྲིན་གྱི་བྱིན་རླབས་ཀྱིས།།
ཡིད་འཕྲོག་ཉི་ཟླའི་རལ་པ་བརླན།།
མཛེས་སྡུག་འཇའ་ཚོན་མཆེད་ལ་ཡི།།
གཉུག་གཤིས་སེང་ལྡེང་ནགས་ཚལ་དུ།།
ངོ་མཚར་སྐར་མའི་གདུགས་གུར་ཕུབ།།
སྒྱུ་འཕྲུལ་སྣང་བའི་མཚོ་འགྲམ་དུ།།
སྒྲ་མེད་སྤྲུལ་པའི་བྱ་ཁྱུ་འཁོར།།
ཉམས་མཚར་གློག་གི་འགྱུ་རིས་ལས།།
ཕྱང་ཆད་འདང་གི་མེ་ལྕེ་མཆེད།།
ལོ་ཟླའི་རླུང་གིས་བསྐྱོད་པ་ཡི།།
ཚེ་ཕྱེད་ཙམ་གྱི་རྨི་ལམ་དེ།།
ལས་འཕྲོའི་རྨིག་རྗེས་ཡིན་ནམ་ཅི།།
དར་ལུང་དར་མདུད་གྲོལ་བ་ཡི།།
གཡུང་དྲུག་ཐག་སྣེ་ཞིག་པ་ཡི།།
ཞེན་ཆགས་གཙང་བོ་བཞུར་བ་ཡི།།
སྲིད་པའི་གངས་ཀྱི་ཉག་ག་ནས།།
ཆགས་པའི་གློག་དམར་ཡང་ཡང་འཁྱུག།
རྣམ་ཤེས་གཡུ་ཡི་འདབ་གཤོག་ལ།།
སྨྲེང་བའི་དབྱངས་ཀྱི་སྨུག་ཞག་འཁྱིལ།།
གསང་བའི་སྒྲོག་གུ་འཐོར་བའི་ཚེ།།
སྐྱེ་བ་གཅིག་གི་མེ་ལོང་ངོར།།
ཁྲ་ཕུང་འོད་ཟེར་བརྡོལ་སྲིད་དམ།།
མཉམ་བཞག་ཚོར་བའི་སྡིག་སྒྲིབ་ཀྱིས།།
སྙིང་གི་རྩ་ལག་འདར་དུ་བཅུག།
དུང་བའི་ཚིག་གི་འབུམ་མ་ལ།།
དྲན་པའི་རི་མོ་ཕྲ་རུ་བཀོད།།

༈པདྨའི་ལེའུ། ༥

འདུ་ཤེས་དཀར་མེའི་ཚ་རླབས་ཉུང་ཟད་ཀྱིས།།
བཀོད་པ་ཤིང་གི་ལོ་མ་ལྗང་ཁུ་སྲེག།
ཚོར་བའི་རླུང་དམར་ཤར་ལྷོའི་མཚམས་ནས་གཡོ།།
རྟོག་འགྱུ་ནམ་མཁའི་ཉི་ཟླ་འདར་ཡོམ་རྒྱབ།།
དངུལ་དཀར་དྲིལ་ཆུང་འབར་བའི་རི་ཁྲོད་ནས།།
དྲི་ཞིམ་སྤོས་ཀྱི་སྨུག་པ་རི་རྩེར་འཁྱིལ།།
བྱ་གླག་ཡང་འགྱུར་ཞིག་གིས་མཁའ་ལ་ལྡིང་།།
རྐྱང་ནག་འཚེར་སྐད་དང་བཅས་རི་ཟོམ་བརྒལ།།
མཁའ་འགྲོའི་ཐང་ཆུ་སྙོག་པའི་སེམས་ཁྲལ་གྱིས།།
ལྷ་དམག་བྱེ་བ་འབུམ་ཐེར་རྒྱང་ནས་བྱོ།།
ཀླུ་མདུད་རབ་ཏུ་ཁྲོས་པའི་ཆོམ་སྒྲ་ཡིས།།
གནམ་གྱི་བང་རིམ་བང་ཕྱེད་ཐང་དུ་ལྷུང་།།
ཡིད་འཕྲོག་དབྱངས་ཅན་སྐུ་ཡང་ཚོད་ཙམ་རྨས།།
བརྒྱ་ཕྲག་ལས་བཞིའི་དར་ལྕེ་དབྱིངས་སུ་མཆེད།།
མེ་ལྕེ་དམར་ལིང་འབར་བའི་ཁང་སྟོང་ནས།།
དྲང་སྲོང་རྨི་ལམ་མཚོ་མོའི་འཇིངས་སུ་ལུས།།
ཡི་གེའི་བརྡ་རུ་བྱུང་བའི་ཆོ་འཕྲུལ་གྱིས།།
མཛེས་སྡུག་པད་མའི་གྲོང་ཁྱེར་སྤྲིན་དང་འདྲེས།།
སེམས་ཅན་ལས་ཀྱི་ལུང་པ་རེ་རེ་ནས།།
སྣ་ཚོགས་སྒྱུ་མའི་ལུག་ཁྱུ་གཙང་འགྲམ་རྒྱུ།།
དགུ་ཚིགས་ནགས་ཀྱི་རི་དྭགས་འཕོངས་མགོ་རུ།།
འཇའ་ཚོན་ཆུ་རིས་ཉིལ་ལེར་ཡག་པ་ལ།།
མདངས་ཆཊ་གློག་གི་བྱིན་རླབས་སྐྱོམ་པ་ཡིས།།
སྐར་ཚོགས་ངོམ་ཁ་རྒྱས་པ་ངོ་རེ་མཚར།།
ཙན་དན་གོས་ཀྱིས་ཤོམ་པའི་ལྷ་མོ་ཀྱེ།།
གང་ཞིག་དུང་ལོ་འབར་བའི་ཞིང་ཁམས་ནས།།
དགུ་ཚིགས་སྐྱ་མོའི་པི་ཝང་དཀྲོལ་བའི་ཚེ།།
བདག་གི་གཉུག་མའི་གྲོང་གི་སྲང་ལམ་ནས།།
གཟུགས་འགྱུར་མུན་པའི་ཤོག་བྱ་རྒྱང་དུ་བསྐྱོད།།
ཐང་ཆད་སྲིད་པའི་ཁྱེའུ་ཁེར་རྐྱང་ངང་།།
གཡུ་ཐོག་ཟམ་པའི་ཁ་ནས་སྨྲེང་བའི་ཚེ།།
མི་སེམས་རྙི་ལ་ཤོར་བའི་སྣ་གླུ་གཏོང་།།
མཚམས་སྤྲིན་མར་དུ་ཞུ་བའི་ཉག་ག་ནས།།
ཅིའི་ཕྱིར་རྒྱང་མིག་བྱེད་པ་གདེངས་མི་ཆོད།།
དབུ་མའི་ཆོས་ལམ་འདེད་པའི་རྨི་ལམ་དུ།།
དགེ་སྡིག་རྡེའུ་དཀར་རྡེའུ་ནག་མར་མར་ཆད།།
ཚོར་སྒྲིབ་ས་རྡུལ་འཚངས་བའི་ཆང་ཕོར་ནང་།།
འདང་གི་རླབས་རིས་ཉུང་ངུ་འཁྲིགས་པ་འདིས།།
ཞེན་ཆགས་སྙིང་གི་རི་མོ་སྙིང་ལ་ཕོག།
ལམ་འགྲོའི་གཙང་གྲུ་གཡོ་བའི་ས་སྲོད་ལ།།
ཚེ་རབས་གཡུ་ཡི་འབུམ་པ་ཆུ་ནང་བཞེངས།།

༈པདྨའི་ལེའུ། ༦

གང་ཞིག་ཡིད་དབང་འཕྲོག་པ་པོ།།
མཛེས་སྡུག་ཁྱེད་ལ་བདག་ཉིད་གུས།།

འོད་ཟེར་གར་དུ་རྩེན་པ་ཡི།།
བྱམས་བརྩེའི་ཕྱག་གི་བྱིན་རླབས་ཀྱིས།།
སྡིག་པའི་ཉེས་པ་བསལ་དུ་གསོལ།།

ཀྱེ་ཧོ་པད་མའི་ནགས་ཚལ་གྱི།།
དྲི་ཞིམ་མེ་ཏོག་འཐུ་བ་ཡི།།
རིང་ནས་མཇལ་བའི་ན་ཆུང་མ།།
བདག་གི་རི་གྲོང་མ་མཐོང་ངམ།།

ཁྱེད་ཀྱི་ཞིང་ཁམས་རེ་རེ་ལ།།
ང་རང་ཐེངས་གཅིག་ལོག་ན་འདོད།།

ཁྲོ་བ་མི་འགྱུར་དགེ་སེམས་ཀྱིས།།
འགྲོ་བའི་བར་ཆད་སེལ་རྒྱུ་ན།།
བདག་གི་མ་ཎི་ཁྱེད་ལ་འབུལ།།

རྨི་ལམ་བོར་བའི་མཚན་མོ་རེར།།
འཇིགས་སྣང་མང་པོ་ཡོང་བའི་ཚེ།།
སྐར་འོད་མཆེད་པའི་སྒེའུ་ནས།།
ཁྱེད་ཀྱིས་ཕྱིར་མིག་གནང་ལ་རེ།།

འཁོར་བ་སྤྲིན་གྱི་རི་ཟོམ་ནས།།
སྨོན་ལམ་དྲག་པོས་དར་ཞིག་འཐེན།།
དར་ལྕེར་རང་ཉིད་འཁྱུད་ནས་སུ།།
འཇིག་རྟེན་ཆུ་ཡི་ཕ་མཐའ་བརྒལ།།
ལེ་བར་སྟོང་གི་གོམ་ཁ་ཡང་།།
ཁྱེད་ཀྱི་སྙིང་རྗེའི་སྲུང་བའི་ཚེ།།
བདག་ནི་ཅིའི་ཕྱིར་ཞེད་སྣང་དགོས།།

༈པདྨའི་ལེའུ། ༧

ངོ་མཚར་ཤེལ་དཀར་འབུམ་ཡག་འོད་ཀྱི་སྐུ།།
མདངས་ཆཊ་གསེར་ཞག་མཆེད་པ་ཨེ་མ་ཧོ།།
ཡར་ཆད་སྤྲིན་དཀར་མེ་ཏོག་འབར་བ་ནས།།
སེམས་ཅན་བདག་གི་ཚེ་ཡི་རྟེན་དུ་ཤར།།
གཟུཊ་མེད་བྱིན་རླབས་སྐྱེས་སུ་སྨིན་པ་ཡིས།།
སྐྱེ་བའི་རྨི་ལམ་ཉི་ཟླའི་མཚོ་དང་འདྲེས།།
སྣ་ཚོགས་ལྷ་ཡི་བརྡ་རྟགས་བྱུང་བའི་ཚེ།།
གཉུག་མའི་ཁམས་ཀྱི་སྐར་འོད་ཟུར་གསུམ་དེ།།
འཇིག་རྟེན་ནགས་ཀྱི་པད་མའི་སྙིང་ལ་ཕོག།
ལས་འཕྲོའི་དར་ནག་དབྱིངས་སུ་མཆེད་པ་ཡིས།།
རང་འགྲོག་དགྲ་ལྷའི་རྟ་ཁ་གཡས་སུ་འཐེན།།
དགའ་འཁྱིལ་མེ་ལོང་གཡུ་ཡི་ཟུར་ཅན།།
ཁོ་བོ་རང་གི་གཡང་རྟེན་ཡིན་པར་ལགས།།
དུས་མཐའི་མཚོ་མོ་རྒྱང་དུ་སྐྱོམ་པ་ན།།
འཁོར་བའི་བྱ་ཁྱུ་རི་ཟོམ་མཚམས་ནས་འཕུར།།
རྒྱང་མིག་ཙམ་གྱིས་མི་ཟིན་རྒྱང་དུ་འཕུར།།
སྐལ་བ་ཡ་ཐོག་ཚེ་ཡི་ལུང་བསྟན་དག།
ཡི་གེ་ལྗང་ཁུའི་འོད་ལ་འཐིམ་པ་ཡང་།།
སྨོན་ལམ་ཉུང་ངུའི་རྟེན་འབྲེལ་ཡིན་པར་འདྲ།།

༈པདྨའི་ལེའུ། ༨

མི་འབྲལ་གཤིས་ཀྱི་མེ་ལོང་ངོར།།
ངོ་མཚར་གློག་གི་རི་མོ་འཁྱིལ།།
ལས་འཕྲོ་ལྷག་མའི་བརྡ་རྟགས་སུ།།
དབྱངས་ཅན་ལྷ་ཡིས་གནང་བར་འདྲ།།
གཟུཊ་མེད་འདང་གི་བྱིན་རླབས་ཀྱིས།།
དྲན་ཤེས་ཚོར་བའི་ནགས་ཚལ་སྲེག།
སྒྱུ་འཕྲུལ་ཟླ་བའི་གྲོང་ཁྱེར་ནས།།
བརྩེ་བའི་རྒྱུད་མངས་དཀྲོལ་བ་ཡི།།
ཡིད་འཕྲོག་ཏིང་འཛིན་ལྷ་མོ་ཀྱེ།།
པད་མའི་ཚལ་ལས་མི་གཡོ་བར།།
འཇམ་པའི་ཕྱག་གི་འདབ་མ་ཡིས།།
བཀོད་པའི་འོད་ལ་རེག་ཙམ་མཛོད།།
ལམ་འགྲོའི་ལབ་རྩེ་གོང་མ་ནས།།
རྟེན་འབྲེལ་གླུ་ཡང་ཁྱེད་ལ་གྱེར།།
འདུ་བྱེད་སྣང་བའི་ཐག་སྣེ་རུ།།
སྲིད་པའི་རྡེའུ་ཐོགས་པའི་ཤུལ།།
རང་ཉེས་སྲིད་པའི་བ་གམ་འདི།།
ནམ་ཡང་རྙིང་དུས་མི་འདུག་ཨང་།།
རིན་ཆེན་གཡུ་ཡི་ཆང་ཕོར་ནང་།།
སྣ་ཚོགས་མགྲོན་ཆང་མང་ཙམ་ལྡུད།།
སྐྱེ་བ་གཅིག་གི་སྨོན་ལམ་ཡང་།།
སྟབས་ཀ་བཙན་པོས་དེ་ནས་འགྲུབ།།
མཛེས་སྡུག་པད་མའི་ཆུ་རིས་ཀྱིས།།
ན་ཆུང་བུང་བའི་མཆུ་སྒྲོ་བརླན།།
དུང་བའི་ངག་གི་ཆོ་འཕྲུལ་གྱིས།།
ལྷོ་བྱང་རི་ཡི་སྤྲིན་དཀར་གཏོར།།

༈པདྨའི་ལེའུ། ༩

གཡུ་དྲུག་དཀར་གྱི་རྣ་ལོང་བར་ནས།།
འདང་མེ་ཏོག་གི་དར་སྐུད་འཐེན་པའི།།
ངའི་སེམས་ཉིད་ཀྱི་ཏིང་འཛིན་ལྷ་མོ།།
ནགས་ཙན་དན་གྱི་དྲི་བསུང་འཐོར་བའི།།
གནས་འཇིག་རྟེན་གྱི་རི་གྲོང་འདི་ནས།།
ལས་སྨོན་ལམ་གྱི་དཔའ་མཁར་རྩིག་དུས།།
སྤྲིན་གཡས་འཁྱིལ་གྱི་ཉི་ཟླའི་རི་ནས།།
མདངས་འཇའ་ཚོན་གྱི་དམར་འོད་མཆེད་པ།།
སྟེང་ལྷ་ཡུལ་གྱི་རྒྱ་ཕིབས་ལྗང་སྨུག།
ལར་མཛེས་སྡུག་གི་དཀྲི་སྐོར་རྒྱབ་དུས།།
ཤར་བྱང་ཆུབ་ཀྱི་མཚོ་མོའི་འགྲམ་ལ།།
མ་མཁའ་འགྲོ་ཡང་མགྲོན་དུ་ཕེབས་སོང་།།
དག་གསལ་སྙན་གྱི་གཞས་ཆུང་འཐེན་ནས།།
ཚིག་རང་གཏིང་གི་གདན་ཁ་གནན་པ།།
གཞི་ཚེ་གཅིག་གི་གསང་བརྡ་ཡིན་འདྲ།།
གླིང་རིགས་དྲུག་གི་སྒྱུ་མའི་ཆོ་ག།
གདངས་དབྱངས་གསལ་གྱི་ངག་ལ་དྲང་རུང་།།
ཡིད་གཉུག་གཤིས་ཀྱི་ཆུ་རྒྱུན་མ་དྭངས།།
རེ་བསམ་དོན་གྱི་གཟའ་སྐར་མ་འཕྲོད།།
སྙིང་འདར་ཡོམ་གྱི་འཕར་ལྡིང་མི་འཇགས།།
སྐྱེ་གཞུག་མ་ལ་མཆོད་ཁ་བཏང་ཡང་།།
སྡེ་ཚོ་དྲུག་གི་སྒང་ལམ་འདེད་པའི།།
ཞེ་གཅིག་འདྲེས་ཀྱི་རོགས་ལོ་དེ་ལ།།
ཁ་ཕྱིར་འཁོར་གྱི་མིག་ཟུང་འཁྲེང་ཡོད།།

༈པདྨའི་ལེའུ། ༡༠

མི་ཚེ་དལ་འགྲོ་ཆུ་ཡི་འཇིག་རྟེན་དུ།།
དཀར་འོད་དམར་འོད་རླབས་ཀྱི་རི་མོ་མཆེད།།
དགའ་སྐྱོའི་ཟམ་ཆུང་ལན་གཅིག་བརྒྱུད་ཤུལ་དུ།།
ལས་འཕྲོའི་ཞེན་ཆགས་རྡོ་བའི་ཕག་ཏུ་ལུས།།
མགོ་དཀྲིས་ལྗང་སྨུག་རླུང་གིས་བསྐྱོད་པའི་ཚེ།།
འདང་གི་འཇའ་ཚོན་སྣང་བའི་རི་ལ་འཁྱུད།།
ཚེ་རབས་གཅིག་གི་སྨོན་ལམ་ངག་ནས་གྱེར།།
ཆ་འགྲིག་རང་མཐུན་ལས་ཀྱི་སྐལ་བ་རྙེད།།
འཇིག་རྟེན་མི་ཡུལ་འགྲིམ་གྱི་སྙིང་པོ་འདྲ།།
འདང་གི་དབུ་ཁྱུད་ཞེ་རྩིས་ཆེ་བ་ཡིས།།
ཆགས་འཇིགས་མེ་ཏོག་ཙམ་གྱི་མཛེས་པ་ལ།།
རྦད་དེ་སེམས་ཁྲལ་ཉུང་ངུ་བདག་ལ་མེད།།
དགོང་ཞོགས་གཉིས་ཀྱི་ཉག་གའི་སྨུག་སྤྲིན་ལ།།
བལྟས་བལྟས་དྲན་ཤིང་ཚིག་གི་རྒྱུ་རུ་བྱས།།
ནུབ་རེའི་སྤྲིན་མཐར་ཟླ་འོད་འཐོར་བ་ཡིས།།
རྨི་ལམ་འདིའང་གཙང་བོའི་འཇིངས་སུ་ལུས།།
རིན་ཆེན་སྲོག་གི་དུམ་བུ་བྱས་པས་ཀྱང་།།
དུང་བའི་ཁ་མ་ད་དུང་མི་ཡོང་བ།།
སྙིང་གི་འཕར་ལྡིང་འདི་ཀོ་ཨེ་མ་ཧོ།།

༈པདྨའི་ལེའུ། ༡༡

ལར་མཛེས་སྡུག་ཨུ་དུམ་བཱ་རའི་སྐུ།།
མདངས་རང་ཆཊ་འོད་ཀྱི་ཟིལ་བ་འཐོར།།
ཡང་དག་པ་ཉི་ཟླའི་བྱིན་རླབས་འཁོར།།
ཁྲ་ལམ་མེར་སྐར་མའི་རི་ལ་བཞད།།
རེ་ངོ་མཚར་སྤྲིན་གྱི་ལུག་ཁྱུ་འདེད།།
དགུང་འཇའ་ཚོན་སྣ་ལྔའི་དར་ལྗང་འཐེན།།
ཨ་ཤུ་རེ་འཁོར་བའི་ས་མཚམས་ན།།
འདི་འདྲ་འདྲའི་ཡིད་འཕྲོག་ཡོད་དམ་ཅི།།
འདང་རི་གསུམ་བྲག་གི་རྩེ་མོ་ནས།།
དབྱིངས་དགུ་ཚིགས་རྟ་ཕོ་འཕུར་ལྡིང་བྱེད།།
གསེར་མེ་ཏོག་འབར་བའི་ཡུབ་གོང་དུ།།
མ་སྐྱེ་མེད་མཁའ་འགྲོའི་སྐེ་དཀྲིས་ལྷུང་།།
དྲི་འཇམ་པ་པད་མའི་སྒྱུ་འཕྲུལ་གྱིས།།
རེ་རྦད་དེ་དབྱངས་ཀྱི་སེང་རས་བརླན།།
ངའི་གཉུག་གཤིས་དངུལ་གྱི་གའུ་ནང་།།
མདོག་ཡག་ཤོས་གཟི་ཡི་འཁོར་ལོ་བཀྲ།།
ཐིག་རི་མོ་ཆུ་ཡི་ངོ་མཚར་གྲུབ།།
ལས་འཇིག་རྟེན་བྱང་ཆུབ་རི་ཁྲོད་ཀྱི།།
ལྷ་ལྷ་མོའི་ཉམས་རྟོགས་འཕེལ་བ་ཡིས།།
བུ་ང་ལ་སྲིད་པའི་བགོ་སྐལ་དུ།།
ཁྱིམ་གྲུ་བཞིའི་གཡང་རྟེན་འདི་གནང་ངོ་།།

ཇོ་ཇོ།

Be the first to comment

Leave a Reply

Your email address will not be published.


*