«ཞར་བཀོད་གཅིག» བཙན་ཞགས། ཀན་ལྷོ།
སྟོན་རླུང་གྲང་མོའི་ནང་དུ་སྙན་ངག་འབྲི།།
གྲང་ངར་སིབ་སིབ་འདི་ལ་ཆགས་རེ་འཇོག།
དྲན་པའི་གཞུ་མོ་འཐེན་ན་འདི་ལས་གྲང་།།
རྨི་ལམ་སྟོན་མགོ་ཚོར་བའི་ནང་དུ་བཀུག།
སྨུག་ཞགས་ལང་ལོང་ནང་དུ་སྙན་ངག་འབྲི།།
ཚོར་སྣང་རྗེན་པར་སྨུག་བུན་ནང་དུ་གཡུག།
རུས་ཟུག་གཏམ་རྒྱུད་ཆུ་མོ་ཤང་ཤང་ལ།།
སེམས་འདུན་མེ་ཏོག་བཏུས་ནས་སྐུར་བར་བྱ།།
བད་མོ་སོབ་སོབ་ནང་དུ་སྙན་ངག་འབྲི།།
སྐྱོ་གཞས་བན་བུན་ཞོགས་པའི་ཆུ་ལ་མཆོང་།།
མིག་མདངས་ནང་དུ་སྟོན་ཟླའི་དཀྱིལ་འཁོར་རྫོགས།།
རི་ཆུའི་གཤོག་པ་ཕབ་ནས་ཉལ་བར་བྱས།།
དགུང་སྔོན་གཡུ་ཞུན་ངོས་སུ་སྙན་ངག་འབྲི།།
སྟོན་མཚན་རིང་མོ་མགུར་ཆུང་ནང་དུ་འཚང་།།
རི་ལུང་དྭངས་གཙང་འདི་ཡི་ཞལ་ངོ་ནས།།
གྲང་བའི་མེ་ཏོག་འཁྱག་པ་ཚོམ་རེ་བཞད།།
སྤང་ཐང་གསེར་གཞུང་ནང་དུ་སྙན་ངག་འབྲི།།
སྟོན་ཆུ་སྔོན་མོ་ལྕགས་ལ་རེག་བྱ་གླན།།
ཚོར་སྣང་མེ་རུ་མཆེད་པའི་རླབས་རྩེ་ནས།།
སྟོན་ཞལ་མཁའ་དབྱིངས་དྭངས་མོའི་ལྭ་བ་མནབས།།
སྡོང་ལོའི་ཤག་སྒྲའི་ནང་དུ་སྙན་ངག་འབྲི།།
བསིལ་རླུང་གྲང་མོས་འཕྲིན་པ་རྒྱང་ལ་སྐྱེལ།།
ལོ་ཟླའི་མགུལ་ལ་དགའ་སྐྱོའི་དོ་ཤལ་དཔྱང་།།
སྟོན་ཟླའི་ཞལ་ཟུང་སྒོར་མོས་བདག་སེམས་གསོས།།
2021/9/9
སྟོན་རླུང་འགམ་པའི་རི་དྭགས།
ང་ཡི་མིག་མདངས་ནང་དུ་ལུག་ཁྱུ་ཞོགས།།
ལུག་ཁྱུ་སྤྲིན་ལ་འདྲེས་པའི་འདབས་རོལ་ཏུ།།
སྟོན་རླུང་བསིལ་མོ་གྱོན་པའི་ཁྲུང་ཁྲུང་ཞིག།
ཧ་ཅང་ཁེར་རྐྱང་ཡིན་པའི་ཚོད་དུ་ལུས།།
མགོ་ཐོག་ནམ་མཁའ་སྔོན་པོ་གདུགས་ལྟར་ཕུབ།།
རི་ཆུས་སྐྱོ་བ་བཅུས་ནས་ཁྱོར་བར་བླུགས།།
དྲན་སྣང་རྒྱང་ལ་འཕུར་ཐབས་འགྲིག་ན་ཡང་།།
ཞེན་པའི་གཤོག་ཡ་འཁྱག་རོམ་ནང་དུ་ལུས།།
སྐར་མདའ་ཞོགས་པའི་བྲེལ་བ་མི་ཟིན་ལ།།
གྲིབ་མའི་ནང་དུ་གཉིད་ཐུན་མི་རྫོགས་པའི།།
སྟོན་ནམ་ཆོད་པའི་གདེང་ཚོད་མེད་གྱུར་ཀྱང་།།
མིག་མདངས་ནང་གི་འཁོར་བ་གསོན་པོར་འགུལ།།
སྡོང་ལོ་ཤག་ཤག་ཁུར་བའི་སུན་སྣང་དང་།།
རི་ཐང་སྐྱ་མདངས་ཤོར་བའི་ངོ་གདོང་ན།།
ནང་སེམས་དྲོད་ཁོལ་འཆོར་བའི་ཉིན་ཞག་འདིར།།
སྙན་ངག་ཁོ་ནས་སེམས་ཁ་བསྲོ་བར་བྱ།།
གྲང་ངར་འདི་ཡིས་དྲན་པའི་ཤ་ཕོ་རྨས།།
ཁ་ཆར་འཚུབ་ནས་ཚོར་བའི་སྨྲ་སྒོ་བསྡམས།།
རྒྱང་གཞས་ཐན་ཐུན་སེམས་པའི་སྲིབ་ལས་ཤོར།།
སྣང་བ་འཁྱག་པ་འཁྱག་པའི་ཀློང་ནས་ཐལ།།
ཟླ་འོད་མིག་ལ་ལྕེབས་པའི་སྒེའུ་འགྲམ་དུ།།
གཟུགས་མེད་སྐུད་པ་འཁེལ་ནས་རྒྱང་ལ་སོང་།།
ནམ་ཟླས་ཤུལ་ལ་གཡུག་པའི་ཚོར་སྣང་འདི།།
མི་སེམས་དྲོན་པོའི་ནང་གི་འཁྱག་པ་ཞིག།
ཆར་བའི་རྗེས་ལ་བསྐུང་བའི་ཁ་བ་དང་།།
རི་མགོར་དར་དཀར་གཡུག་འདྲའི་སྟོན་ཁ་འདི།།
མི་སེམས་ནང་དུ་དགུན་ཟླ་ཚུར་ལ་གཅར།།
སྟོན་རླུང་བསིལ་མོ་འདི་ལ་ལྷག་པར་སུན།།
འཚོ་བའི་བྲེལ་ཟིང་བར་ལ་སྟོན་ལོ་འཐོར།།
དྲན་པའི་མེ་ལོང་ནང་དུ་འཁྱག་རོམ་ཆགས།།
སྟོན་ཟླ་འདི་ཡིས་མི་སེམས་ནང་ལ་བསྡུས།།
རྨི་ལམ་གཞུང་ནས་སྐོར་བྲོ་ལྡིང་བར་བྲེལ།།
2021/9/3
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།