རྒྱལ་དབང་ཀརྨ་པ་བསྟོད་པ།

༄༅། །དུས་གསུམ་གྱི་རྒྱལ་བ་ཐམས་ཅད་ཀྱི་མཁྱེན་རྩེ་ནུས་པའི་བདག་ཉིད་དུ་གྱུར་པ་༸རྒྱལ་དབང་ཀརྨ་པ་ཨོ་རྒྱན་འཕྲིན་ལས་རྡོ་རྗེ་ལ་བསྟོད་པ་དད་པའི་འདབ་བརྒྱར་གྲོལ་བའི་མེ་ཏོག །

                                                                         རྩོམ་པ་པོ། དུང་ཞེན་ཉི་མ།

ཀ་དག་གནས་ལུགས་ཇི་བཞིན་རྟོགས་ཤིང་ཀ་མ་ལ་ལྟར་ལྷག་བསམ་དཀར།།
ཁ་བ་ཅན་ནས་ཆིབ་ཁར་བསྒྱུར་ཏེ་ཁ་ཐག་རིང་བའི་འཕགས་ཡུལ་བྱོན།།
ག་བུར་མདངས་བཞིན་མཛད་འཕྲིན་སྙན་གྲགས་ག་ས་གང་དུ་ནུབ་མེད་འབར།།
ང་ཅག་འགྲོ་བའི་མགོན་པོ་གང་ཉིད་ང་ཚོས་སེམས་ནས་ལྷང་ལྷང་དྲན།།

ཅ་ལག་ནོར་ལ་ཆགས་ཞེན་བྲལ་ཅིང་ཅ་ཅོའི་འདུ་འཛི་རིང་དུ་སྤངས།།
ཆ་བྱད་མཛེས་ཤིང་བརྗིད་པའི་སྐུ་ལ་ཆ་ལུགས་དམར་སེར་གོས་ཀྱིས་སྤྲས།།
ཇ་ཡུན་ཙམ་ལ་བསྟན་འགྲོའི་དོན་དུ་ཇ་ཟས་དུས་ཚོད་དམ་དུ་འཛིན།།
ཉ་སོགས་སེམས་ལྡན་ཡོངས་ཀྱི་མགོན་པོ་ཉ་གང་ཟླ་བའི་མདངས་འཛིན་དཔལ།།

ཏ་ལེར་ཡིད་ལ་ཡང་ཡང་འཆར་བའི་ཏ་ཐཱ་ག་ཏའི་ཐུགས་ཀྱི་སྲས།།
ཐ་སྙད་ཚིག་སྡེབ་གསེར་གྱི་ཕྲེང་བ་ཐ་གྲུ་ཀུན་ཏུ་སྙན་ཞིང་འཇེབས།།
ད་གདོད་སྙན་པའི་བ་དན་འཛིན་པ་ད་སྐབས་ཁྱེད་ལས་མ་མཆིས་པས།།
ན་སོགས་སྡུག་ལས་མ་གྲོལ་བར་དུ་ན་མོ་སྒོ་གསུམ་སྤྱི་བོས་བསྟོད།།

པ་ཕ་ཨ་མའི་དུངས་བ་རུམ་ཞིང་པ་ཊུར་གྲགས་པའི་མཁས་པོ་ཞིག །
ཕ་ཁྱིམ་བཀོད་པ་ཡིད་ལ་འཁྱིལ་བའི་ཕ་རོལ་བཞུགས་པའི་སྐྱེས་ཆེན་ཞིག །
བ་ལ་ཧ་ཡི་རྗེས་སུ་འགྲོ་བའི་བ་སོགས་བྱམས་པའི་བྱང་སེམས་ཅན།།
མ་འདྲིས་འགྲོ་བའི་མགོན་པོ་ཁྱེད་ཉིད་མ་མཇལ་སེམས་ལ་སྐྱོ་གདུང་ལྕི།།

ཙ་ཙིག་བྱ་བ་ཆུང་སོགས་དོར་ནས་ཙར་རེ་མེད་པའི་དོན་ཆེན་ལ།།
ཚ་གྲང་དཀའ་ངལ་ཁྱད་དུ་བསད་ཅིང་ཚ་དྲག་ངང་དུ་ལས་ལ་བརྩོན།།
ཛ་ལང་སྤྱོད་པའི་དྲི་མས་མ་གོས་ཛ་ཡ་རྒྱལ་བའི་གཙུག་ནོར་ཁྱེད།།
ཝ་མོ་གཡོ་སྒྱུའི་ཐབས་ཇུས་འོག་ནས་ཝ་ལེ་སེམས་ནས་ལྷག་པར་དྲན།།

ཞྭ་ནག་མཚན་གྱི་གྲགས་པ་འཛིན་པའི་ཞལ་ཏ་གནང་བའི་སློབ་དཔོན་ཞིག །
ཟ་ཆོག་དབང་གིས་གཞན་མགོ་མ་བསྐོར་ཟ་བེད་དོར་བའི་དྲང་སྲོང་ཞིག །
འ་ཅག་མེས་པོའི་ཐུགས་ལས་འཁྲུངས་པའི་འལ་འོལ་བྲལ་བའི་མཁས་པ་ཞིག །
ཡ་མཚན་གཟི་བརྗིད་གྲངས་ལས་འདས་པའི་ཡ་རབས་དམ་པའི་རྗེས་འགྲོ་ཞིག །

ར་ས་ལ་སོགས་མཐོ་བོད་ལྗོངས་ཀྱི་ར་རི་དྲི་མ་བསལ་ཕྱིར་དུ།།
ལ་ལུང་རིང་བའི་གཞན་ཡུལ་མ་བཞུགས་ལ་མོ་རང་ཡུལ་ཕེབས་ལ་ཤོག །
ཤ་ཁྲག་གཅིག་པའི་ས་ཡ་དྲུག་གིས་ཤ་ཞེན་ལ་རྒྱ་བརྗེད་ལ་ཉེ།།
ས་དང་རིགས་སྐྱོང་ཐབས་ལམ་བསྩལ་ཅིང་ས་སྟེང་འདི་རུ་བཞུགས་སུ་གསོལ།།

ཧ་ཅང་ཚིག་སྙན་སྡེབ་སྦྱོར་མེད་ཀྱང་ཧ་ལམ་བརྡ་དག་འགྲོས་བསྟུན་ནས།།
ཨ་གསར་ཚིག་གི་ཕྲེང་བ་འདི་ནི་ཨ་ཉོག་བྱིས་བློ་ཅན་པོས་བྲིས།།

བྱ་དཀའ་གོ་བདེའི་ལམ་ནས་དམ་པ་ཁོང་ལ་མི་འཇིགས་པའི་དད་པ་ཐོབ་པའི་མུ་ཏོ་བ་དུང་ཞེན་ཉི་མར་འབོད་པས་བྲིས་སོ།།

Be the first to comment

Leave a Reply

Your email address will not be published.


*