ང་ཡི་ལག་པ་སྟོང་པ།

                             (སྙན་ངག)  གྲོག་མས་བརྩམས། (ཆབ་མདོ)

འཕྲིན་ཞིག་འབྲི་དགོས་བསམ་བྱུང་།།
གླུ་ཞིག་ལེན་དགོས་བསམ་བྱུང་།།
རི་མགོ་མཐོན་པོའི་སྟེང་དུ།།
གཅིག་པུར་འགྲོ་དགོས་བསམ་བྱུང་།།


ཨ་མ་བྱིའུ་ཆུང་འཇོལ་མོས།།
བདག་ལ་སྐྱེས་སུ་གནང་བའི།།
རང་སེམས་གཡུ་ཡི་སྒོ་ང་།།
སྐྱེ་འགག་སྐྱོན་གྱིས་གོས་འདུག།

གྲིམ་ལྷོད་ཤེས་ས་མི་འདུག།


དྲི་མ་མེད་པའི་གདོང་པ།།
མི་ལ་བཙོང་དགོས་བྱུང་སོང་།།
ཡང་ནས་ཡང་དུ་བཀྲུས་ཀྱང་།།
འདག་རྒྱུ་མེད་པའི་གདོང་པ།།
རིན་གྱིས་ཉོ་དགོས་བྱུང་སོང་།།


ཞོགས་པའི་ཁ་བའི་ནང་དུ།།
མི་ཁ་གཏམ་ངན་མི་འདུག།
ཞབས་རྗེས་འཇོག་མཁན་མི་འདུག།
ཚངས་དབྱངས་རྒྱ་མཚོ་མེད་ན།།
ཁ་བ་རང་གར་བབ་འདུག།


ཁ་བའི་འདབ་མ་ལྷབ་ལྷུབ།།
འཇོལ་མོའི་གྲེ་སྐད་ལྷང་ལྷང་།།
གོམ་པ་མདུན་དུ་སྤོས་ཀྱང་།།
སེམས་པ་ཕྱིར་ལ་བསྙེགས་ཏེ།།
རྨི་ལམ་ནང་ནས་མཇལ་བའི།།
ཟླ་བའི་འཛུམ་ཆུང་དྲན་བྱུང་།།


རྩྭ་སྐྱ་ཁ་བས་གཡོག་སོང་།།
ཕོ་རོག་བྱང་ལ་འཕུར་སོང་།།
བྱིའུ་ཆུང་ཅོ་གའི་སེམས་པ།།
མཐོན་པོ་གནམ་ནས་ལྷུང་སྟེ།།
ནགས་མའི་གསེབ་ལ་ལུས་སོང་།།


རྟ་ཕོ་ཆག་གིས་གསོས་ཀྱང་།།
མ་ཐུབ་རི་ལ་ཤོར་ཐལ།།
རྗེས་འདེད་གཏོང་སྙིང་མ་འདོད།།
ཞག་གསུམ་རང་དབང་གནང་བས།།
ག་ལེར་ཁྱིམ་ལ་ལོག་བྱུང་།།


ལྷ་ས་ལྷ་ཡི་ལུང་པ།།
གསོལ་བ་སྨོན་ལམ་འདེབས་ས།།
ལུང་བསྟན་ཁ་བ་འབབ་ས།།
དད་པའི་བསང་དུད་འཐུལ་ས།།
འགྲེལ་བཤད་མང་པོ་གནང་ས།།


ཉི་འོད་གྱང་ལ་ཕོགས་སོང་།།
གྱང་རོའི་སྟེང་གི་རྩྭ་སྐྱ།།
རླུང་བུས་སིལ་སིལ་སྒུལ་བྱུང་།།
ང་ཡིས་ལག་པ་སྟོང་པས།།
གྱང་ལ་རེག་རེག་བྱས་ཀྱང་།།
ཐོབ་རྒྱུ་གང་ཡང་མི་འདུག།

༡༠
ཁྱོད་རང་གཤོག་པ་བརྐྱངས་ནས།།
རྒྱང་རིང་ཕྱོགས་སུ་འཕུར་སོང་།།
ཁྱོད་རང་སྔར་བཞིན་འཛུམ་བཞིན།།
ལོག་ཡོང་བསམ་པ་མ་བྱུང་།།

༡༡
རེས་འགའ་ཡོད་ཡོད་འདྲ་ཡང་།།
ལན་རེ་མེད་མེད་འདྲ་བའི།།
ཨ་ཅེ་སྨུག་པའི་ལྷ་མོ།།
གཞས་ཤིང་གཏོང་དང་ཞུས་པས།།
ནད་ཅིག་བཞག་ནས་ཕེབས་སོང་།།
སྙིང་རྗེ་མེད་པར་ཕེབས་སོང་།།

༡༢
སྡོད་དགོས་སྡོད་དགོས་བསམ་ཡང་།།
རང་དབང་རང་ལ་མི་འདུག།
ཆུ་མོ་མར་འགྲོ་ཤང་ཤང་།།
རྟ་ཕོའི་འཚེར་སྒྲ་ལྷང་ལྷང་།།

༡༣
སྲིན་བུའི་ཁ་ཆུ་མ་ཆད།།
དུང་སེམས་དར་སྐུད་ཆད་སོང་།།
ལས་འཕྲོའི་རི་མོ་སྐྱ་བོ།།
ཁང་རྒན་གྱང་ལ་བྲིས་སོང་།།

༡༤
ང་དང་ནུབ་ཁའི་ཟླ་བ།།
གསལ་དང་མ་གསལ་མི་འདུག།
ཕྱིར་མིག་རི་ལ་བལྟས་ཀྱང་།།
རི་མགོ་སྨུག་པས་གཡོགས་འདུག།

༡༥
སྐྱོ་སེམས་ཆུ་མོ་མར་འགྲོ།།
ཤང་ཤང་ཐུར་དུ་བཞུར་ན།།
གཤོག་དྲུག་ཉ་མོ་མ་གཏོགས།།
སེམས་གསོ་གཏོང་མཁན་མི་འདུག།
རྡོ་བ་འཁྱག་པ་མ་གཏོགས།།
འགྲོ་རོགས་འདུག་རོགས་མི་འདུག།

༡༦
སྐྱེ་བ་ལན་གཅིག་འདི་ལ།།
མི་ཚེ་མི་ཚེ་མ་གསུང་།།
ཚེ་རབས་ཚེ་རབས་མ་གསུང་།།
ད་ནངས་ཐོས་པའི་གཞས་ཆུང་།།
དོ་དགོང་བརྗེད་པར་མ་གནང་།།

༡༧
སེམས་ཆུང་ཁུང་བུའི་ནང་དུ།།
བརྩེ་སེམས་མེ་ཁ་གསོས་ཀྱང་།།
མི་ལ་ཁྲེལ་གཞུང་མེད་ན།།
ཆུ་ལ་གདུ་ལོང་མི་འདུག།

༡༨
གནམ་ལ་སྤྲིན་པ་བྲིས་ཏེ།།
ཁྱེད་ལ་འཕྲིན་ཞིག་བཏང་ཡང་།།
དུངས་སེམས་ཆར་གྱི་ཟེགས་མ།།
དེ་གར་འཕྲོད་ཐབས་མ་བྱུང་།།

༡༩
ཁྱེད་ཀྱིས་སྐྱེས་སུ་གནང་བའི།།
གསེར་བྱ་ངང་པ་ཆ་གཅིག།
ངང་རྒྱུན་རིང་པོས་གསོས་ཀྱང་།།
ད་ཆ་གནམ་ལ་འཕུར་སོང་།།

༢༠
འདུས་བྱས་མི་རྟག་མ་རྟོགས།།
འཁོར་བའི་སྡུག་བསྔལ་མ་ཤེས།།
འོ་ཇ་མངར་མོའི་ནང་ནས།།
སྙིང་པོ་མེད་པ་ཚོར་བྱུང་།།
སེམས་ལ་ངེས་འབྱུང་སྐྱེས་བྱུང་།།

༢༡
ང་ཚོ་གྱེས་བྲལ་བྱུང་ནས།།
ལོ་དང་ཟླ་བ་སོང་ཡང་།།
རང་སེམས་ལྡུམ་རའི་ནང་གི།
རྙིང་རྒྱུ་མེད་པའི་མེ་ཏོག།
ཁྱོད་རང་གཅིག་པུ་རེད་ཤག།

༢༢
མགོ་བོ་ཅུང་ཞིག་ན་བས།།
བློ་སྒོ་མང་པོ་ཕྱེས་སོང་།།
མོ་ཞིག་འདེབས་དགོས་བསམ་བྱུང་།།
གཏོ་ཞིག་བཅའ་དགོས་བསམ་བྱུང་།།

༢༣
ཁྱོད་རང་ཁྲབ་རྨོག་གྱོན་ནས།།
དཔའ་དང་སྤོབས་པས་ཆས་བྱུང་།།
ཁྱོད་རང་མདའ་བཞུ་ཁྱེར་ནས།།
ཕྱིར་ལྟས་མེད་པར་བྲོས་སོང་།།
མི་ཚོགས་མང་པོའི་དབུས་ནས།།
འགྲེལ་བཤད་གནང་དགོས་མི་འདུག།

༢༤
ཁྱེད་རང་ཤི་བའི་ཕྱི་ཉིན།།
ཉི་མས་འཇིག་རྟེན་གསལ་ཡོང་།།
ཁྱེད་རང་ཤི་བའི་ཕྱི་ཉིན།།
ཟླ་བ་སླར་ཡང་ཚེས་ཡོང་།།
ཁྱེད་རང་གསོན་པོར་བཞུགས་དུས།།
སྐྱོ་སྡུག་མུན་པས་བསྡམས་ཏེ།།
ཉི་ཟླའི་མཇལ་ཁ་མ་བྱུང་།།

2021.4.2

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*