རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་ཅིང་གསོལ་བ་འདེབས་པ།

༄༅།  །གྲངས་མེད་མཁའ་འགྲོའི་གཙོ་མོ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་ཅིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་ཧེ་རུ་ཀ་དཔལ་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་བཞུགས་སོ།།

 

ན་མོ་གུ་རུ་བཛྲ་ཡོ་གཱི་ནཱི་ཡེ།

ཐབས་མཆོག་བདེ་ཆེན་ལྷན་སྐྱེས་དཔའ་བོ་མཆོག །

སྟོང་ཆེན་ཤེས་རབ་དབྱིངས་དང་མཉམ་སྦྱོར་བའི།།

འཁོར་ལོའི་མགོན་པོ་ཧེ་རུ་ཀཿ་དཔལ་དང་།།

དབྱེར་མེད་དྲིན་ཅན་བླ་མས་འབྲལ་མེད་སྐྱོངས།།


རྗེས་ཆགས་ཉམས་བརྒྱའི་རོལ་པ་སྣ་ཚོགས་ཀྱིས།།

བདེ་སྟོང་ལྷན་སྐྱེས་དགའ་བ་མཆོག་སྩོལ་བའི།།

རྣམ་གསུམ་ཕོ་ཉའི་དབང་མོ་རྗེ་བཙུན་མར།།

ཤུགས་དྲག་དད་པའི་ཡིད་ཀྱིས་བསྟོད་པར་བགྱི།།


རབ་འབར་ཡེ་ཤེས་རྣམ་ལྔའི་མེ་དཔུང་དང་།།

འཇིགས་རུང་དུར་ཁྲོད་ཆེན་པོ་བརྒྱད་ཀྱི་དབུས།།

གཞོམ་གཞིག་ཡོངས་བྲལ་རྡོ་རྗེ་ཕོ་བྲང་ཆེ།།

སྲུང་བའི་གུར་ཁང་རང་བཞིན་ལྷུན་གྱིས་གྲུབ།།


ཟག་མེད་རྣམ་ཐར་གསུམ་གྱི་རང་བཞིན་ཅན།།

བདེ་སྟོང་ལྷན་སྐྱེས་ཆོས་ཀུན་འབྱུང་བའི་གནས།།

ཡོན་ཏན་གདེངས་ཀ་གྱེན་དུ་རྒྱས་པའི་གྲྭར།།

དགའ་བཞིའི་ཐིག་ལེ་གཡོན་དུ་འཁྱིལ་བའི་དབུས།།


སྲིད་པའི་སྐྱོན་བྲལ་སྣ་ཚོགས་ཆུ་སྐྱེས་ཀྱི།།

འདབ་བརྒྱད་གེ་སར་འཛུམ་པའི་ལྟེ་བ་རུ།།

བྱང་ཆུབ་སེམས་ཀྱི་ལོ་ཏོག་སྨིན་པའི་བརྡར།།

ཉིན་མོར་བྱེད་པའི་དཀྱིལ་འཁོར་རྒྱས་པའི་སྟེང་།།


སྲིད་ཞིའི་ངོ་མཚར་སྣང་བ་ཇི་སྙེད་པ།།

གཅིག་བསྡུས་ཉི་ཟླའི་གཟི་བྱིན་འཕྲོག་བྱེད་པ།།

བལྟ་བས་མི་ངོམས་བཅོམ་ལྡན་འདས་མའི་སྐུ།།

ཡེ་ཤེས་ལུས་ཅན་མཚན་དཔེ་འོད་ཕུང་འབར།།


འགྲོ་ལ་རྗེས་སུ་ཆགས་པའི་སྙིང་རྗེ་དང་།།

བདེ་ཆེན་ལྷན་སྐྱེས་དགའ་བས་གང་བའི་ཉམས།།

ཡོངས་སུ་རྫོགས་པ་བྱི་རུའི་ལྷུན་པོ་ལ།།

ཉི་གཞོན་འབུམ་གྱི་འོད་ཀྱིས་འཁྱུད་པ་བཞིན།།


སྐལ་བ་མཆོག་དང་ལྡན་པ་མཁའ་སྤྱོད་དུ།།

ཁྲིད་པའི་ས་མཁན་ཉིད་དུ་སྟོན་པ་ལ།།

ཆོས་ཀུན་དབྱེར་མེད་རོ་གཅིག་གཟིགས་པའི་ཞལ།།

སྟོང་ཆེན་ཆོས་སྐུའི་དབྱིངས་རུམ་མཐོན་པོར་ཕྱོགས།།


དུས་གསུམ་ཤེས་བྱའི་དངོས་པོ་ཇི་སྙེད་པ།།

མ་འདྲེས་ས་ལེར་གཟིགས་པའི་ཡེ་ཤེས་ཀྱི།།

དཀྱུས་རིང་སྤྱན་གསུམ་ཟུར་མིག་བག་དང་བཅས།།

དག་པ་མཁའ་ལ་སྤྱོད་པའི་ཞིང་དུ་གཟིགས།།


གནག་སྣུམ་སྨིན་མའི་ནགས་ཀླུང་སྟུག་པོའི་དབུས།།

དུག་ལྔའི་དགྲ་ལ་རྔམ་པའི་ཁྲོ་ཉམས་ཀྱི།།

དམར་སེར་རི་མོ་འབུར་དུ་དོད་པ་ཡིས།།

ནག་པོའི་རྩ་ལག་སྡེ་ལ་ཟུག་རྔུ་སྟེར།།


རབ་དམར་མཆུ་སྒྲོས་པདྨོ་འཛུམ་པའི་དབུས།།

རྣོ་དཀར་ཚེམས་ཀྱི་གེ་སར་བཞད་པ་ལ།།

འཇམ་མཉེན་ལྗགས་ཀྱི་བུང་བའི་གཡོ་ལྡིང་གིས།།

བདེ་ཆེན་དཔྱིད་ཀྱི་དཔལ་མོའི་དགའ་སྟོན་བསུ།།


ཞབས་གཉིས་བརྐྱང་བསྐུམ་གར་གྱི་རྣམ་རོལ་གྱིས།།

འཇིགས་བྱེད་དུས་མཚན་སྟེང་ན་བརྗིད་པ་ཡིས།།

ཡོད་མེད་རྟག་ཆད་མཐའ་གཉིས་ལས་འདས་པའི།།

ཐབས་ཤེས་ཟུང་འཇུག་ལམ་བཟང་འགྲོ་ལ་སྟོན།།


བདག་ལྟའི་མགོ་བོ་རྩད་ནས་འབྲེག་བྱེད་པའི།།

ཡེ་ཤེས་རྣོ་ངར་འབར་བའི་གྲི་གུག་མཚོན།།

གཡས་པའི་ཕྱག་གིས་ཐུར་དུ་འཇོལ་ཐབས་ཀྱིས།།

གཟུང་འཛིན་འཁྲུལ་བའི་དྲྭ་བ་དུམ་བུར་གཅོད།།


མུ་ཏིག་མདངས་འཛིན་བདེ་སྐྱོང་ཡངས་པའི་སྣོད།།

དམར་ཆེན་རཀྟས་བཀང་བ་ཕྱག་གཡོན་གྱིས། །

སྟེང་ཕྱོགས་ཡོན་པོར་འཛིན་པའི་རྣམ་འགྱུར་གྱིས།།

འཁོར་འདས་ཆོས་ཀུན་མཐའ་བྲལ་དབྱིངས་སུ་རྔུབ།།


ཐབས་མཆོག་བདེ་བ་ཆེན་པོའི་རང་བཞིན་ཅན།།

དགའ་བཞིའི་ཡེ་ཤེས་མངོན་གྱུར་བཅོམ་ལྡན་ཡབ།།

ཁ་ཊྭཱཾ་ཀ་ཡི་ཟོལ་ལ་བརྟེན་པ་གང་།།

མཉེན་ལྕུག་ལྡན་པའི་ཕྲག་པ་གཡོན་པར་ལྡེམ།།


བདག་འཛིན་མདུད་པ་གྲོལ་བའི་ཆེ་རྟགས་སུ།།

རབ་མཛེས་དབུ་སྐྲ་བུང་བ་ལྟར་གནག་པ།།

རླུང་གིས་སིལ་བུར་བསྐྱོད་པའི་སྟངས་སྟབས་ཀྱིས།།

ཕྲ་ལྡེམ་སྐུ་སྐེད་ཁེབས་པའི་རྣམ་འགྱུར་ངོམས།།


བདེ་ཆེན་དངོས་གྲུབ་འདོད་པ་འཇོ་བའི་གཏེར།།

མཁྲེང་ཟླུམ་འདོད་པའི་མྱོས་བུམ་རབ་རྒྱས་པ།།

མཛེས་སྡུག་ལི་ཁྲིའི་ཚོམ་བུ་སྤུངས་འདྲ་བས།།

ཆགས་ལྡན་འདོད་པའི་སྦུབས་རྒྱ་ཡོངས་སུ་བཤིག །


བདེ་གཤེགས་རྒྱལ་བའི་རང་བཞིན་དབུ་རྒྱན་དང་།།

སྦྱིན་སོགས་ཐབས་ཀྱི་ངོ་བོ་ཕར་ཕྱིན་གྱི།།

དག་པ་རུས་པའི་རྒྱན་ལྔའི་ཕྲེང་བ་ཡི།།

མཛེས་སྡུག་ཕྱག་རྒྱས་མིག་ལ་ཡ་མཚན་སྟེར།།


ནང་གི་དབྱངས་གསལ་ལྔ་བཅུ་ཡོངས་དག་པ།།

བརྒྱ་ཕྱེད་མགོ་ཕྲེང་ཀུནྡ་ལྟར་དཀར་པ།།

དུ་མ་རོ་གཅིག་མཚོན་པའི་རོ་སྐྲ་ལ།།

བརྒྱུས་པའི་དོ་ཤལ་མགུལ་པའི་རྒྱན་དུ་དཔྱངས།།


བཅུ་དྲུག་དགའ་བས་མྱོས་པའི་དཔལ་ངོམས་པའི།།

བརྒྱད་གཉིས་ལང་ཚོས་སྒེག་པའི་གཟུགས་སྐུ་ལ།།

མཚན་དཔེ་གཟི་བྱིན་སྣང་བ་མཆོག་འབར་བས།།

རེག་ན་ཟག་མེད་བདེ་བའི་དགའ་བ་སྟེར།།


གསང་བའི་པདྨོ་བདེ་ཀློང་འཁྱིལ་བ་ལས།།  

གསང་མཆོད་དམར་ཆེན་རཀྟའི་རྒྱུན་འབབ་པས།།

ལྷན་སྐྱེས་བདེ་སྟོང་ནང་གི་དགའ་བ་ཡིས།།

སྐལ་བཟང་ཡིད་ལ་རབ་དགའི་སིམ་པ་འཇོ།།


ཨ་ཐུང་གཏུམ་མོ་འབར་བའི་ཞུགས་ཕྲེང་གིས།།

བདེ་ཆེན་ཧཾ་ཡིག་དཀྱིལ་འཁོར་བཞུ་བྱེད་པའི།།

སྐུ་ལས་མཆེད་པའི་ཡེ་ཤེས་མེ་དཔུང་གིས།།

གཏི་མུག་མུན་པ་སྟོང་པའི་དབྱིངས་སུ་སྐྲོད།།


གྲག་སྟོང་འགགས་མེད་རྒྱལ་བའི་གསུང་དབྱངས་ལས།།

ཡོངས་འཕོས་མི་ཤིགས་ནཱ་དའི་སྒྲ་དབྱངས་ཀྱིས།།

མཐའ་ཡས་འགྲོ་བློའི་བསམ་པ་དང་འཚམས་པའི།།

ཟབ་རྒྱས་ཆོས་ཀྱི་དགའ་སྟོན་ཅི་ཡང་འགྱེད།།


འཁོར་འདས་ལམ་གྱིས་བསྡུས་པའི་ཆོས་སོ་ཅོག །

མཁྱེན་པའི་དཀྱིལ་འཁོར་གཅིག་གིས་ཅིག་ཆར་གཟིགས།།

བྱམས་དང་བརྩེ་བའི་ཐུགས་རྗེའི་ལྕགས་ཀྱུ་ཡིས།།

འགྲོ་ཀུན་སྲིད་པའི་འདམ་ལས་འདྲེན་པར་མཛད།།


དེ་ལྟའི་ངོ་མཚར་དགེ་མཚན་འབུམ་ཕྲག་གིས།།

ཡོངས་སུ་ཕྱུག་པའི་རྗེ་བཙུན་རྣལ་འབྱོར་མར།།

ཅུང་ཟད་བསྟོད་པའི་རྣམ་དཀར་ལ་བརྟེན་ནས།།

ཚེ་རབས་ཀུན་ཏུ་རྗེས་སུ་འཛིན་གྱུར་ཅིག །


ཆོས་ཀྱི་དབྱིངས་ནས་གཟུགས་ཀྱི་སྐུར་བཞེངས་ཏེ། །

ཐུགས་རྗེའི་སྤྱན་རས་གཟིགས་པའི་དུས་ལ་བབ། །

འོག་པགས་ཉིལ་ལེར་འབྱོན་པའི་དུས་ལ་བབ། །

གཡེར་ཁའི་སྒྲ་བཅས་འབྱོན་པའི་དུས་ལ་བབ། །


ཚུར་སྤྱོན་ཚུར་སྤྱོན་བཅོམ་ལྡན་འདས་མ་ཀྱེ། །

འོག་མིན་ནམ་མཁའི་སྤྲིན་རུམ་ཡངས་པ་ནས། །

ཡིད་ལྟར་མྱུར་བའི་རྫུ་འཕྲུལ་ཤུགས་ཀྱིས་ནི། །

གདུང་བས་འབོད་པའི་བུ་ལ་གཟིགས་སུ་གསོལ། །


དགྱེས་འཛུམ་ཞལ་རས་བདག་ལ་མྱུར་དུ་སྟོན། །

བརྩེ་ཆེན་ཐུགས་རྗེའི་འཕྲུལ་གྱི་ཞགས་པ་རྐྱོངས། །

རྗེས་ཆགས་ཟུར་མིག་ཉམས་ཀྱི་དགའ་སྟོན་སྩོལ། །

སྙོམས་འཇུག་དགའ་བདེས་ལུས་སེམས་བདེ་བར་མཛོད། །


འདི་ན་བརྒྱུད་ལྡན་བླ་མའི་དགོངས་པ་ལྟར། །

རྗེ་བཙུན་མ་ཁྱོད་གཏན་གྱི་སྐྱབས་བཟུང་ནས། །

གསང་སྔགས་ཟབ་མོའི་བཟླས་བརྗོད་ལ་བརྩོན་པར། །

བྱིན་རླབས་མཚན་མ་ཆ་ཙམ་མི་སྟོན་ཅི། །


དཔལ་ལྡན་འཁོར་ལོ་སྡོམ་པའི་རྒྱུད་སྡེ་ལས། །

ཁྱོད་ཀྱི་ཉེ་བའི་སྙིང་པོ་བཀླག་ཙམ་གྱིས། །

མཆོག་དང་ཐུན་མོང་དངོས་གྲུབ་འགྲུབ་ཅེས་པའི། །

བསླུ་མེད་གསུང་གི་བདེན་པ་བསྟན་དུ་གསོལ། །

                                          
ཐར་མེད་སྲིད་གསུམ་འཁོར་བའི་འདམ་དུ་བྱིངས། །

བཟློག་མེད་ལས་ཉོན་ལྕག་སྒྲོག་དམ་པོས་བཅིངས། །

བཟོད་མེད་སྡུག་བསྔལ་དུ་མས་མནར་བ་བདག །

མཚུངས་མེད་རྗེ་བཙུན་མ་ཡིས་བསྐྱབ་ཏུ་གསོལ། །


དྲིལ་བུ་པ་དང་པཎ་ཆེན་ནཱ་རོ་པ། །

ཕམ་མཐིང་སྐུ་མཆེད་པུ་ཧྲང་ལོ་ཙཱ་སོགས། །

འཕགས་བོད་སྐྱེས་ཆེན་དུ་མ་རྗེས་བཟུང་ལྟར། །

བདག་ཀྱང་མཁའ་སྤྱོད་དཔལ་མོས་རྗེས་སུ་ཟུངས། །


དཔལ་ལྡན་ས་སྐྱའི་གྲུབ་མཆོག་རིམ་བྱོན་དང་། །

ཁྱད་པར་ཚར་ཆེན་ཆོས་ཀྱི་རྒྱལ་པོ་མཆོག །

ཁྲག་འཛག་སྲིན་པོའི་རི་ནས་རྗེས་བཟུང་ལྟར། །

བདག་ཀྱང་མཁའ་སྤྱོད་དཔལ་མོས་རྗེས་སུ་ཟུངས། །


མ་དག་སྣོད་བཅུད་སྣང་ཞེན་མ་ལུས་པ། །

ལྷ་སྔགས་ཆོས་སྐུའི་རོལ་པར་ཡོངས་འཆར་བའི། །

འཁྱེར་སོ་གསུམ་དང་ནམ་ཡང་མི་འབྲལ་བར། །

འཕྲིན་ལས་རྣམ་བཞི་འབད་མེད་ལྷུན་འགྲུབ་ཤོག །


ཞིང་སྔགས་ལྷན་ཅིག་སྐྱེས་དང་ལས་རིགས་བཅས། །

དངོས་དང་ལས་ཀྱི་ཕྱག་རྒྱའི་གྲོགས་འདུས་པས། །

རྡོ་རྗེ་གཏུམ་མོ་མངོན་དུ་བྱས་པ་ལས། །

མི་འགྱུར་དགའ་བཞིའི་མཛོད་ལ་དབང་འབྱོར་ཤོག །


ལྟེ་བའི་ཨ་ཐུང་གཏུམ་མོའི་བདེ་དྲོད་ཀྱིས། །

བདེ་ཆེན་ཧྃ་ཡིག་བཞུས་པའི་འབར་འཛག་གིས། །

བཅུ་དྲུག་དགའ་བའི་བདེ་བ་ཆེར་བརྟས་ཏེ། །

བདེ་སྟོང་ཆེན་པོའི་དཔལ་ལ་སྤྱོད་གྱུར་ཅིག །


ཉི་ཁྲི་ཆིག་སྟོང་རླུང་གི་རྒྱུ་བ་ཀུན། །

འཕོ་མེད་དྷཱུ་ཏིའི་དབྱིངས་སུ་དག་པ་ལས། །

བདེ་དང་མི་རྟོག་བདེ་ཆེན་སྣང་བ་བཅས། །

གསལ་ལ་རྫོགས་པའི་རྟགས་རྣམས་མངོན་གྱུར་མཛོད། །


གཟུང་འཛིན་འཁྲུལ་རྟོག་མུན་པ་ལས་རྒྱལ་བའི། །

གསལ་སྟོང་ཟུང་འཇུག་སེམས་ཀྱི་ཉིན་མོར་བྱེད། །

མ་རིག་སྒོ་ངའི་སྤྲིན་རུམ་ལས་འཐོན་ཏེ། །

སྒྲིབ་བྲལ་ཆོས་སྐུའི་མཁའ་ལ་མཛེས་གྱུར་ཅིག །


འཇམ་མཉེན་ཕྱག་གཡས་བྱི་རུའི་འཁྲི་ཤིང་གིས། །

རྣལ་འབྱོར་ལག་པའི་མཁྲིག་མ་ནས་བཟུང་སྟེ། །

མཁའ་སྤྱོད་རྡོ་རྗེ་བཙུན་མོའི་གྲོང་ཁྱེར་དུ། །

ལུས་རྟེན་འདི་ལ་མངོན་སུམ་ཁྲིད་པར་མཛོད། །


དེ་ལྟའི་སྐལ་བ་མཆོག་དང་མི་ལྡན་ན། །

སིནྡྷུ་ར་དང་ལིང་ཀའི་ལས་སྦྱོར་གྱིས། །

ཕྱོགས་ཀུན་བཙལ་བས་དགའ་འཁྱིལ་རི་མོ་མཆོག །

འཕོས་པའི་དཔལ་ལྡན་ཌཱཀྐིས་རྗེས་འཛིན་ཤོག །


གལ་ཏེ་ཚེ་འདིར་ལམ་སྣ་མ་ཟིན་པར། །

ལུས་སེམས་འབྲེལ་ཐག་ཆད་ལ་ཉེ་བའི་ཚེ། །

འབྱུང་བ་འཁྲུགས་པའི་གནད་གཅོད་སྡུག་བསྔལ་དང་། །

འཇིགས་སྐྲག་འཁྲུལ་སྣང་དབྱིངས་སུ་ཞི་བར་ཤོག །


རང་གི་སེམས་དང་རྡོ་རྗེ་བཙུན་མོའི་ཐུགས། །

གཅིག་ཏུ་བསྲེ་བའི་བླ་མའི་མན་ངག་དང་། །

མྱུར་ལམ་འཕོ་བའི་གདམས་པ་ལ་བརྟེན་ནས། །

འཆི་མེད་ཆོས་སྐུའི་གཏན་སྲིད་ཟིན་གྱུར་ཅིག །


ལས་དབང་མཐུ་ཡིས་བར་དོར་འཁྱམས་སྲིད་ན། །

རིང་ནས་བརྩེ་བའི་རྣལ་འབྱོར་མ་ཁྱོད་ཀྱིས། །

བརྩེ་ཆེན་ཞལ་གྱི་དཀྱིལ་འཁོར་མྱུར་བསྟན་ནས། །

ལུང་བསྟན་དབུགས་འབྱུང་མཛོད་ཅིག་རྗེ་བཙུན་མ། །


དེ་ཚེ་དཔའ་བོ་མཁའ་འགྲོའི་ཚོགས་བཅས་ཀྱིས། །

རྡོ་རྗེ་གླུ་ལེན་མེ་ཏོག་ཆར་ཆེན་འབེབ། །

འཇའ་འོད་གུར་ཕུབ་གདུགས་དང་རོལ་མོ་བཅས། །

མཁའ་ལ་སྤྱོད་པའི་ཞིང་དུ་འཁྲིད་པར་མཛོད། །


དེ་ནས་རིག་འཛིན་དཔའ་བོ་མཁའ་འགྲོ་དང་། །

ལྷན་ཅིག་གསང་ཆེན་བདེ་བའི་དགའ་སྟོན་ལ། །

དགྱེས་དགུར་སྤྱོད་པའི་སྐལ་བ་མཆོག་ལྡན་ནས། །

ཟུང་འཇུག་སྒྱུ་འཕྲུལ་དྲ་བའི་དཔལ་འཐོབ་ཤོག །


སླར་ཡང་སྟོན་མཚན་ཟླ་བ་དཀར་པོའི་རིས། །

ཇི་སྙེད་ཆུ་ཀླུང་གྲངས་བཞིན་འཆར་བ་ལྟར། །

མཁའ་ཁྱབ་གདུལ་བྱའི་སྣང་ངོར་ཡོངས་འཚམས་པའི། །

གཟུགས་སྐུའི་བཀོད་པ་ཅིག་ཅར་སྟོན་ནུས་ཤོག །


མདོར་ན་དེང་ནས་ཚེ་རབས་པདྨོའི་ཕྲེང་། །

བཅོམ་ལྡན་འདས་མ་ཁྱེད་དང་མི་འབྲལ་ཞིང་། །

གསང་ཆེན་བླ་མེད་བདུད་རྩིའི་དགའ་སྟོན་ལ། །

རྟག་ཏུ་ལོངས་སྤྱོད་སྐལ་པ་ལྡན་གྱུར་ཅིག །


དེ་ལྟའི་ལམ་བཟང་སྒྲུབ་ལ་བར་གཅོད་པའི། །

ཕྱི་ནང་ཉེར་འཚེ་ནག་པོའི་རྩ་ལག་ཀུན། །

ཆོས་སྐྱོང་གུར་ཞལ་དུར་བདག་བེཀྩེ་སོགས། །

མཐུ་ལྡན་སྲུང་མས་རྡུལ་བཞིན་བརླག་པར་མཛོད། །


མཐུ་རྐྱེན་ཚེ་དང་བསོད་ནམས་དཔལ་འབྱོར་དང་། །

ལོག་འཚོ་སྤངས་པའི་ཟས་གོས་གནས་མལ་སོགས། །

སྲས་བཅས་རྒྱལ་བས་བསྔགས་པ་ཀུན་ཚང་ནས། །

དོན་གཉིས་ལྷུན་གྱིས་འགྲུབ་པའི་བཀྲ་ཤིས་ཤོག །


གཞི་ཡི་བཀྲ་ཤིས་གཉུག་སེམས་ས་གཞི་ལ། །

ལམ་གྱི་བཀྲ་ཤིས་ཉམས་རྟོགས་ལྗོན་ཤིང་རྒྱས། །

འབྲས་བུའི་བཀྲ་ཤིས་སྐུ་བཞིའི་འབྲས་བཟང་སྨིན། །

བཀྲ་ཤིས་དགེ་མཚན་སྲིད་ན་མཛེས་གྱུར་ཅིག །




དེ་ལྟར་གྲངས་མེད་མཁའ་འགྲོའི་གཙོ་མོ་རྗེ་བཙུན་རྡོ་རྗེ་རྣལ་འབྱོར་མ་ལ་བསྟོད་ཅིང་གསོལ་བ་འདེབས་པའི་ཚིགས་སུ་བཅད་པ་བྱང་ཆུབ་ཕྱོགས་ཀྱི་ཆོས་སུམ་ཅུ་རྩ་བདུན་ལ་བཅུ་གསུམ་རྡོ་རྗེ་འཛིན་པའི་སའི་ཁྱད་པར་དུ་བྱས་པ་ཧེ་རུ་ཀཿ་དཔལ་བཞད་པའི་སྒྲ་དབྱངས་ཞེས་བྱ་བ་འདི་ནི།ཡོངས་འཛིན་དམ་པ་ཆོས་བཞིན་དུ་སྤྱོད་པ་དུ་མའི་ཞབས་སེན་སྤྱི་བོའི་རྒྱན་དུ་ཐོབ་པའི་སྐལ་བ་ཅན། ཡུལ་ཁྲོཾ་ལྗོངས་ཀྱི་ཕྱོགས་སུ་སྲིད་པའི་འཁྲི་ཤིང་བཟུང་པ་གསང་སྔགས་ཟབ་མོ་ལ་མོས་པ་ཡིད་བྱེད་མཁན་རིག་པ་འཛིན་པ་འཇམ་བློར་འབོད་པས། རབ་གནས་ལྕགས་གླང་ལོའི་ཆུ་སྟོད་ཟླ་བའི་དམར་ཕྱོགས་མཁའ་འགྲོ་འདུ་བའི་དུས་བཟང་གི་མཚན་མོ་ལ་གྲོང་ཁྱེར་སྤོས་ངད་ལྡན་པའི་རང་གནས་ནས་ཚད་པས་གདུང་ནས་གཉིད་མི་ཡོང་བའི་བར་སྐབས་སུ་བྲིས་པའི་དགེ་བས་སྐྱེ་ཀུན་མཁའ་སྤྱོད་རྡོ་རྗེ་བཙུན་མོས་རྗེས་སུ་འཛིན་པའི་རྒྱུ་རུ་གྱུར་ཅིག །ཤུ་བྷཾ་མསྟུ་སརྦ་ཛཱ་ག་ཏཾ།།    །།


About སྟག་ལྗོངས་འཆི་མེད། 98 Articles
སྤྱི་ཁྱབ་རྩོམ་སྒྲིག་པའི་ཟུར་མཆན། >> རྩོམ་སྒྲིག་པ་སྟག་ལྗོངས་འཆི་མེད་ལགས་ནི་འཕྲིན་ཕྲན་ནམ་སྨྱུག་མིང་ལ་སྨར་འཐོར་རླུང་ལགས་ཡིན།

Be the first to comment

Leave a Reply

Your email address will not be published.


*