ཡིད་སྨེང་མ་ཞེས་བྱ་བ།

                                       ཐོར་བུ།(དཀར་མཛེས།)

ཁྱོད་གདོང་མེ་ཏོག་ཀུ་མུ་དར།།
རླུང་གིས་རེག་པར་བདག་སེམས་འཁྲོ།།

མི་རྣམས་གཉིད་ལས་མ་སད་པས།།
བདག་ཡིད་སྐྱོ་བའི་ཟོམ་དུ་ལྷུང་།།

རི་དྭགས་སྐྱོ་བའི་གླུ་ཆུང་གིས།།

ཁྱོད་ཀྱི་ལག་པ་རློན་ནམ་ཅི།།

སྙན་ངག་ཁུར་བའི་སེམས་པ་འདིས།།
ཁྱོད་ཀྱི་ཕྱག་ནི་འཇུ་བར་བརྩོན།།
དགུན་རླུང་རེག་པས་མདངས་བརྐུས་པའི།།
བདག་ནི་ག་རེ་རྨི་ལམ་མན།།
མངོན་སུམ་འདི་ལ་ཁྱོད་དང་འཕྲད།།
ག་རེ་ག་རེ་བུ་མོ་ལགས།།
མིག་ཆུ་དེ་ཙམ་མ་གཏོང་རོགས།།
བདག་གི་སྙིམ་པའི་མེ་ཏོག་འདི།།
མ་བླངས་བཞག་ན་རྙིད་འགྱུར་བས།།
ཡུད་ཙམ་འདི་ལ་ལེན་རོགས་ཨང་།།

ལྷན་འཛོམས་དུས་ཀྱི་བདེ་སྐྱིད་འདིས།།
འཁོར་བའི་ངལ་དུབ་སངས་ན་ཡང་།།
བྲལ་ན་སྐྱོ་བ་མང་བྱུང་བས།།
བདག་ཡིད་འཁྲི་ཤིང་ཀུན་ནས་གཡོ།།

ད་ནི་དུས་ཚོད་ཐོན་ལ་ཉེ།།
བདེ་མོར་བཞུགས་ཞེས་ཞུ་ཙམ་ལགས།།

ངག་མི་ཁྲོལ་བའི་སྙན་ངག་འདིས།།
བདག་ཡིད་ཀུན་ནས་སྨེང་པར་བྱས།།
མཚན་མོའི་ཟོམ་དུ་ང་གཅིག་པུས།།
ཟླ་བར་ཁེར་ལབ་བགྱིས་པ་ཡིན།།

2021/9/5དགོང་མོར་བྲིས།

Be the first to comment

Leave a Reply

Your email address will not be published.


*