ཐོར་བུ།(དཀར་མཛེས།
ཀ་ཚོད་ཅིག་ལ་བདག་གི་སེམས་པ་འདི།།
ཁ་བ་ཅན་གྱི་སྙན་ངག་མཚོ་བྱུང་མར།།
ག་རེ་བྱས་ཏེ་དགའ་སོང་མི་དྲན་མོད།།
ང་རང་འདི་ལ་དང་བ་གཞན་ལ་མིན།།
ཅ་ཅོ་མེད་པར་གཅིག་པུར་སྡོད་ཁང་དུ།།
ཆ་ལག་ཡོངས་སུ་རྫོགས་པའི་སྙན་ངག་ལ།།
ཇ་ཡུན་ཙན་ལ་མྱོང་བའི་དུས་ལྡན་ན།།
ཉ་རེ་ཉོར་རེའི་སྦྱོད་པ་ཅིས་མི་དོར།།
ཏ་ལའི་ལོ་མ་ལྷབ་ལྷུབ་འཐོར་བ་ཡི།།
ཐ་མལ་སྟོན་ཁ་འདི་ལ་སྐྱོ་སྣང་གིས།།
ད་ལྟ་བཟི་དེ་སྡོད་པའི་མི་རྐྱང་ངས།།
ན་ཚོད་ཡོངས་སུ་རྒྱས་པའི་སྙན་ངག་ཀློག།
པ་ཊ་ཆེན་པོ་བདག་གིར་བཟུང་ནས་སུ།།
ཕ་ཡི་དགོངས་པ་རྫོགས་རྒྱུ་དཀའ་ན་ཡང་།།
བ་གླང་འཚོ་མཁན་ཇི་བཞིན་སྙན་ངག་འདི།།
མ་ཡིག་ལམ་ནས་འཚོ་བཞིན་མི་ཚེ་གཏོང་།།
ཙ་རི་གངས་ཀྱི་རི་བོ་མཇལ་བཞིན་དུ།།
ཚ་ལ་སྐྱུར་བའི་སྙན་ངག་བྲི་བཞིན་དུ།།
ཛ་ར་ཛོ་རེའི་སྤྱོད་པ་མ་དོར་བར།།
ཝ་ལྟར་ཉམས་ཆུང་ངང་ནས་རྒས་ན་མཛེས།།
ཞྭ་རིགས་འདྲ་མིན་གྱོན་པའི་རྩོམ་པ་པོའི།།
ཟ་རིགས་ཇི་བཞིན་མང་བའི་རྩོམ་རིགས་ལ།།
འ་འུར་རི་གྲོང་སྤངས་ཏེ་དབེན་པ་རུ།།
ཡ་མཚན་སྐྱིད་པོར་བཀླགས་ན་སེམས་འདི་སྤྲོ།།
ར་མིན་ལུགས་མིན་སྐད་ཆའི་མེ་ལྕེ་ཡིས།།
ལ་རྒྱ་བཤད་ན་བོད་ཀྱི་སྐད་ཡིག་གཉིས།།
ཤ་རིགས་བསྲེགས་ཏེ་ཐལ་བར་བསྒྱར་བ་བཞིན།།
ས་འདིའི་སྟེང་ནས་བསྲེག་པའི་ཉེན་ཁ་འདུག།
ཧ་ཅང་སྐད་དང་ཡི་གེར་དང་དྲགས་ཏེ།།
ཧ་ལམ་སྙན་ངག་བྲིས་ན་ལོས་དགའ་སྟེ།།
ཨ་ལ་རང་རང་སོ་སོའི་དགའ་ཕྱོགས་ལ།།
ཨ་ཐང་མ་ཆད་འབད་ན་དོན་ཆེན་འགྲུབ།།
2021/8/6
Leave a Reply