དྲན་གདུང་སྙིང་གི་སྨྲེ་སྔགས།

                                         “བོད་དུང་།” ཡ་དེང་།

སྤྲིན་དཀར་བན་བུན་གཅིག་ཐོག་གཉིས་བརྩེགས་བྱས། །
སྔོ་ལྗང་རི་ཆུ་མཛེས་ཤིང་ལྟ་ན་སྡུག །
ས་རྡུལ་རླུང་གིས་སྤུར་བའི་རྗེས་ཤུལ་ནས། །
རབ་མཛེས་མེ་ཏོག་ཕ་ཡུལ་གོས་སུ་བཀླུབས། །

ཆར་ཟིམ་ཁྲོད་ནས་མེ་ཏོག་བསྐྱར་དུ་ལྡང་། །
ཁྱོད་རང་ཡ་ཆུང་དྲན་པའི་མཐའ་རུ་འཁྱིལ། །
རླུང་བུ་ཤུར་ཤུར་ལྡང་བའི་ཉི་མོ་དེར། །
ཡིད་ཀྱི་གྱེས་བྲལ་ཞིག་གི་རུམ་ནས་སོང་། །

སྟོན་གྱི་ཟླ་འོད་ཆུ་ཐིགས་གསེབ་ལ་འཛུལ། །
ལོ་མ་སེར་པོ་རི་ལུང་ཀུན་ལ་ཡན། །
ཟླ་འོད་འཁྲིགས་ཤིང་སྤྱང་ཚོགས་ལྷོད་ཀྱིས་གཤར། །
སྐར་ཚོགས་དག་ཀྱང་སྐྱོ་བའི་མཆི་མས་བརླན། །

འདི་ནས་ཡར་ཡར་བརྩིས་པའི་ཟླ་འགའི་རིང་། །
མུན་པ་ནག་པོ་ཞིག་གིས་ཡོངས་སུ་བཏུམས། །
མིག་ཆུ་ཕྲེང་ཐག་རེ་རེ་ས་ལ་འཐོར། །
ཟླ་འོད་རླུང་གིས་ཁུར་སོང་ནག་ཏིང་ངེ་། །

གནམ་ལྕགས་ཐོག་འབེབས་ལྟ་བུའི་གཏམ་ངན་དེས། །
ཁོ་བོ་ཅག་གི་སྙིང་ཆུང་གས་པར་གྱུར། །
འཆི་བདག་གཤིན་རྗེའི་ཕོ་ཉས་ཁྲིད་པ་འདི། །
འཇིག་རྟེན་དངོས་པོའི་ཆོས་ཉིད་ཡིན་ལགས་ཟེར། །

འོན་ཀྱང་ཁྱོད་ཉིད་དྲན་པའི་གདུང་བ་འདི། །
མི་བཟོད་སེམས་ཀྱིས་གསང་ཐབས་བྲལ་བས་ན། །
གཅེས་འཛིན་རང་གི་དགྲ་བོའི་ངུ་འབོད་གཏོང་། །
སྡུག་གི་དངན་པ་རིང་མོ་འཐེན་ཤོར་སོང་། །

ཚེ་རབས་ལས་སུ་སྨིན་པའི་ཁུ་བོ་ཁྱོད། །
ཤར་རིའི་ཕྲག་པའི་སྟེང་ནས་མཇལ་ལྟར་ཡལ། །
མེ་ཏོག་སེར་བས་བརླགས་རུང་བསྐྱར་དུ་བཞད། །
འདི་ལྟར་དྲན་ན་ཡིད་ཁམས་རྒྱ་མཚོ་འཁྱིལ། །

ཞེན་ཆགས་རེ་རེའི་གསེང་ནས་མིག་ཆུ་རེ། །
སྡོང་མགོའི་ལོ་མ་རེ་ལ་སྐྱོ་གདུང་རེ། །
གཅིག་པུར་ལ་མོ་བརྒལ་བའི་མི་ཚེ་འདི། །
ལས་དབང་གནམ་གྱི་རྒྱལ་མོས་སྡུག་ལ་སྦྱར། །

ལང་ཚོ་སྨིན་པའི་གྲྭ་གཞོན་ཁྱུ་ཚོགས་ཤིག །
ཁོ་བོའི་མིག་སྔོན་བྱོན་པ་ལགས་གྱུར་ན། །
ཁྱེད་ཉིད་མེད་པའི་བསམ་གཞིག་བཀུག་པའི་ཞོར། །
དངན་པ་རིང་མོ་ཞིག་དང་མིག་ཆུ་ཞིག །

མུན་པའི་ནང་གི་ཁོ་བོའི་ངུ་འབོད་དེ། །
ཁུ་བོ་ཁྱེེད་ཀྱིས་ཐོས་པ་ཨེ་གྱུར་ལགས། །
སྐྱིད་རེས་སྡུག་རེས་ཟེར་བའི་གནའ་གཏམ་དེ། །
ཚོན་གྱིས་བྲིས་པའི་སྒྱུ་མའི་རྟོག་བཏགས་ཤིག །

ཟམ་ཟིམ་འབབ་པའི་ཆར་བའི་ཤག་སྒྲའི་ཁྲོད། །
རག་ཤང་སྐྱ་བོ་ཞིག་གི་སྒེའུ་ཁུང་ནས། །
སོ་སོའི་སེམས་ཉིད་གཤིས་ཀྱིས་ངང་ཚུལ་དེའི། །
ཁུ་བོ་ཁྱོད་ཀྱི་དངོས་མིང་ལན་གསུམ་བཟླས། །

མ་ལྟར་ལྷད་མེད་བརྩེ་བ་ཡུན་དུ་བཅངས། །
ད་ནི་རིང་དུ་བྲལ་བའི་སྐྱོ་སྣང་གིས། །
མཚན་མོའི་རྨི་ལམ་ཞིག་གི་མགོ་མཇུག་ནས། །
ཁྱོད་རང་ཨེ་ཕེབས་བསམ་ནས་མིག་ཆུ་ཤོར། །

རི་ནས་གྲང་རླུང་ལྡང་ཞིང་ནང་སེམས་འཁྱག །
ཁ་བ་འབབ་ཀྱིན་ཞལ་རས་དལ་གྱིས་ཤར། །
ཡིད་སེམས་རྨས་མ་ཅན་གྱི་ཁེར་རྐྱང་ངའི། །
ཁྱོད་ལ་མ་ཎིའི་མགུར་དབྱངས་ལྷོད་ཀྱིས་འཐེན། །

འགོག་མེད་ཡིད་ལ་སྡུག་གི་མུན་པ་འཐིབས། །
སྐྱོ་བའི་ཤུགས་རིང་སེམས་ཀྱི་ཀློང་ནས་བརྡོལ། །
ཡོད་ཚད་སྟོངས་པར་སོང་བའི་སྣང་བ་འདིའི། །
གང་ལ་བལྟས་ཀྱང་སྐྱོ་བའི་མུན་ནག་འཁྲིགས། །

རྒྱ་ཕིབས་སེར་པོས་མྱ་ངན་གོས་སུ་བཀླུབས། །
དྲིལ་བུ་སིལ་སིལ་སྒྲོག་དུས་ངུར་ཅོར་རྒྱབ། །
མཆོད་མེར་ལྷབ་ལྷབ་འབར་དུས་རྒྱང་འབོད་བྱས། །
བསམ་ཞིང་བསམ་ན་མཆི་མའི་བརླན་གྱིས་གཤེར། །

དགྱེས་ཞལ་མཐོང་རྒྱུ་མེད་པར་དྲན་ཐེངས་རེར། །
བདག་སེམས་མྱ་ངན་སྟོང་གི་མུན་པ་འཐིབས། །
ཞིམ་ཟས་དྭངས་མའི་བཅུད་ལ་རོལ་ཐེངས་རེར། །
ཁྱོད་ཉིད་དྲན་ན་སྙིང་རླུང་ཁོང་ནས་ལྡང་། །

བཟའ་མི་དང་ཀྱང་ལྷན་འཛོམས་བྱུང་བའི་ཚེ། །
ཁྱོད་ཉིད་མེད་པའི་སྐྱོ་བ་རུམ་གང་ཁྱེར། །
དགོན་པའི་གཡས་གཡོན་ཟུར་ནས་འགྲོ་ཐེངས་རེར། །
སྡུག་གི་མཆི་མ་རྒྱ་ལམ་ཐོག་ཏུ་ཤོར། །

སློབ་གླིང་གྲུ་ཟུར་རེ་རེའི་ཁུག་ཀྱོག་ན། །
བག་ཆགས་ལྗིད་མོ་ཞིག་གི་ཡོངས་སུ་གནར། །
མཆེད་གྲོགས་རྣམས་ཀྱིས་ཞི་དུལ་བག་ཡོད་ཀྱིས། །
ཁྱོད་དགའ་ང་འཐད་ཟེར་ཞོར་དགོད་སྒྲ་སྒྲོག །

བདག་གི་ཕྱིར་དྲན་ཀློང་ནས་ཡིད་ཁམས་ཉུལ། །
ཁུ་བོའི་སྣང་བརྙན་ཡིད་ལ་ཤར་ཤར་མཆིས། །
སྡུག་བསྔལ་རིང་མོ་ཞིག་གི་མནར་ཟིན་པའི། །
གཞོན་པའི་སྣང་བ་ཡིན་མིན་ཐེ་ཚོམ་སྐྱེས། །

གང་ལྟར་རིང་དུ་བྲལ་བའི་སྐྱོ་གདུང་འདི། །
གཞན་གྱིས་རྟོགས་དང་མི་རྟོགས་དོན་མེད་རེད། །
ཀྱེ་མ་ཀྱེ་ཧུད་དཀོན་མཆོག་རིན་པོ་ཆེ། །
བདག་གི་ཁུ་བོའི་ས་ལམ་མྱུར་བགྲོད་ཤོག །

2021. 10. 10. བློས་བསླངས་བྱས། 12. ཉིན་ཡི་གེར་བཏགས་པའོ།

Be the first to comment

Leave a Reply

Your email address will not be published.


*