འཁོར་བ།

                                               རེ་སྨྱུག

ངའི་མིག་ཟུང་ནང་འཁྱིལ་བའི་འཁོར་བ།
སེམས་ཀྱིས་འདེད་པའི་ས་སྲོད་ཀྱི་ན་བུན།
མི་སེམས་འཆིང་བྱེད་ཀྱི་ཞགས་པ་ནག་པོ།
ལྕགས་སྒྲོག་གིས་འཆིང་བའི་མུན་ཁང་དུ་གྱུར།
སེམས་པས་མཚོན་ཐབས་མེད་པའི་ནམ་མཁའ་ཁེར་རྐྱང་ལུས།

ཉོན་མོངས་པས་སྡོམ་པའི་ཁྱོད་ཚོ།
ངའི་ཤ་རུས་ཀྱི་གསེང་ན་ལྗིད་ཏིག་གེར།
ཉིན་མཚན་མེད་པ་འགྲེང་།

ངས་དེ་དག་བརྒྱུད་ནས།
ཉིན་དེའི་མཚན་མོ་རུ་བསླེབས།

རྨི་ལམ་གྱི་ཐང་ནས་གཤོག་རྡེབ་རེ་བྱེད་ཚེ།
འཁོར་བའི་ཆུ་མོ་ཤག་ཤག་ཏུ་བཞུར་བ་ཐོས།

ནང་སེམས་སློག་པའི་སྐད་ཆ་དེས།
ཨ་མ་ཁྱེད་ཀྱི་སེམས་ན་རྨ་ཁ་བཞག་སོང་།

སྐད་ཆ་དེས་མཚན་མོའི་སྨག་རུམ་བདས།
མྱ་ངམ་གྱི་ཐང་ན་ངའི་སེམས་ཀྱི་གཞས་ཆུང་གཏོང་།

རྟེན་འབྲེལ་བཅུ་གཉིས།
འཁོར་བའི་སྙིང་པོར་གྱུར་དོན།
སེམས་ཀྱི་འདོད་པ་དེའི་ཆེད་དུ་ཡིན་པ་འདྲ།

༢༠༢༡/༡༠/༨ཉིན།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*