ཐོར་བུ།(དཀར་མཛེས།)
མཚོ་ཡིད་འོང་མཛེས་སྡུག་སྟོང་ལྡན་སྟེང་།།
གདན་འདབ་བཟང་བརྒྱ་སྟོང་གྲོལ་བའི་སྟེང་།།
ལྷ་དབྱངས་ཅན་མ་ནི་མཛེས་སྡུག་གིས།།
ཡིད་བཟི་བའི་ཆང་དུ་ལྷམ་མེར་ཤར།།
ཕྱག་སོར་མོ་འགུལ་བའི་སྒྲ་དབྱངས་ཀྱིས།།
ཡིད་སྣང་བའི་མཁའ་ལ་སྒྱུ་མ་ཡི།།
སྣ་མི་གཅིག་རི་དྭགས་བསྡུ་བ་མོ།།
ཁྱོའི་ལུས་ཀྱི་སྨྱུའི་མའི་གླིང་བུ་དེ།།
དུས་ཡང་ཡང་འབུད་རྒྱུ་བྱུང་ན་སྙམ།།
མིག་བང་བ་ལྡིང་བའི་ཞལ་ཁྱིམ་དུ།།
ངའི་སེམས་ཀྱི་གླིང་བུ་བུས་བུས་ནས།།
དབྱངས་འབུམ་ཕྲག་རྡོལ་བའི་སྙན་ངག་དག།
སེམས་སྐྱོ་བ་སངས་བའི་དཔྱིད་དུ་འཇོ།།
ནགས་གྲིབ་བསིལ་གཡོ་བའི་སྦྱིལ་བུ་རུ།།
ཁྱོའི་སྣང་བརྙན་བསྒོམ་པའི་རྐང་གཉིས་ངར།།
ངག་བདུད་རྩིའི་ཆར་རྒྱུན་འཇོ་བ་ལ།།
དུས་རྣམ་ཀུན་རེ་བ་དགོངས་ཤིག་ཅེས།།
དུས་ནམ་ཡང་འབོད་པ་དགོངས་ལགས་སམ།།
ཁྱོད་གདོང་མཚོ་ཡི་མེ་ལོང་དུ།།
བདག་མིག་ངང་ངུར་འཁོར་འཁོར་ནས།།
ཡིད་ཀྱི་པདྨ་གསར་བའི་སྟེང་།།
ཁྱོད་ནི་གངས་རི་ལྷུན་པོ་བཞིན།།
གསར་འཚེར་ལྷུན་སྡུག་མཚན་དཔེ་ཡིས།།
སྒེག་པ་ཀུན་ཀྱི་ཏོག་ཏུ་བཞུགས།།
ཁྱོད་ལུས་ན་ཆུང་བཅུ་དྲུག་མས།།
སྟངས་སྟབས་གར་དུ་བསྒྱུར་བ་ཡིས།།
བདག་ཡིད་འདོད་པས་རབ་གདུང་ནས།།
ལག་པས་མཁའ་ལ་རེག་པར་བྱས།།
ཁྱོད་ངག་མགུར་གྱི་བང་མཛོད་ལས།།
དོ་ཧ་མང་དུ་འཐོར་བ་དེས།།
ཆང་གིས་བསླུ་བའི་རྒད་པོ་བཞིན།།
ང་སེམས་རྣམ་ཀུན་དེ་རུ་ཤོར།།
ཁྱོད་མིག་ལྕགས་ཀྱུ་ཕྲ་བུ་དེས།།
བདག་སྙིང་བུ་གར་ཡང་ཡང་རེག།
མེ་ཏོག་ཚོམ་བུ་འདི་དག་གིས།།
ཁྱོད་ཀྱི་ཐུགས་དེ་དགྱེས་གྱུར་ཅེས།།
ངག་གི་བརྗོད་དེ་མེ་ཏོག་འབུལ།།
ངག་གི་སྒྱུ་མའི་ནགས་ཀླུང་གི།
རི་དྭགས་ཡུ་མོ་དངོས་གྲུབ་སྩོལ།།
ངག་གི་གླིང་བུའི་བུ་ག་རུ།།
དབྱངས་ཀྱི་སོར་མོ་འགུལ་བ་དེ།།
ཁྱོད་ཉིད་དྲན་དེ་བོས་པ་ལས།།
ཅི་ཡིན་རང་གིས་ངེས་མ་གྱུར།།
ཟླ་བའི་གདོང་ལ་སྤྲིན་པ་ཡི།།
ལག་པས་རེག་པར་རྩོམ་པ་ཡི།།
དུས་སུ་ཁྱོད་ལུས་སེང་རས་དེ།།
རླུང་གིས་གཡོ་བཞིན་མིག་ཏུ་ལྷུང་།།
ཅུང་ཙམ་དུད་པའི་ནུ་ཟུང་ལས།།
ཆོས་ཉིད་འོ་མར་འཇོ་བ་མོ།།
སྟོང་ཉིད་ལ་དགའ་བདག་སྐལ་དུ།།
འོ་འཛིན་དགའ་བདེ་སྟོང་སྩོལ་ཅིག།
ཆུ་འཛིན་ལས་དཀར་སྐུ་ལུས་དེས།།
འགྲོ་བའི་ཡིད་སེམས་མདངས་འཕྲོག་ཀྱང་།།
དད་པའི་དྲི་མ་ཕྲ་བ་ཡི།།
མི་ཡིས་དབྱངས་ཅན་མཐོང་མི་འགྱུར།།
དད་པའི་མཁའ་ལ་ཁྱུང་ཆེན་ཉིད།།
སྙན་ངག་དབུས་སུ་ན་ཆུང་ཉིད།།
རྨི་ལམ་ཁྱིམ་དུ་དགའ་མ་ཉིད།།
མཆོད་པའི་སྟེགས་བུར་ཡི་དམ་ཉིད།།
དབྱངས་གསལ་སྒྲོམ་དུ་གཡུ་ཆུང་ཉིད།།
སྒྱུ་མ་ལས་བྱུང་སྒྱུ་མའི་གྲོང་།།
སྒྱུ་མའི་གར་མཁན་དབྱངས་ཅན་མ།།
སྒྱུ་མའི་ཆོས་ལ་དབང་བསྒྱུར་ཏེ།།
སྒྱུ་མའི་སྙན་ངག་ལ་དབང་བའི།།
སྒྱུ་མའི་ངག་གི་དངོས་གྲུབ་སྩོལ།།
སེམས་དད་པའི་ལོ་མ་འཐོར་དུས་སུ།།
ངག་ན་ཆུང་བུ་མོས་ལྡེམ་ལྡེམ་གྱིས།།
ལུས་མཆོད་པར་འབུལ་བའི་ཆོ་ག་འདིས།།
ལྷ་དབྱངས་ཅན་དགྱེས་ན་ཅི་མ་རུང་།།
Leave a Reply