ཐོར་བུ།(དཀར་མཛེས།)
ཆུ་འཛིན་ཕོན་པོ་དག་ནི་ལྷོད་པོར་ལྡིང་།།
དེ་འོག་ཁང་ཁྱིམ་དག་གི་མདོག་ནི་སྐྱ།།
ནང་སེམས་རི་ལ་ཤོར་བའི་སྙན་ངག་པས།།
རང་སེམས་མེ་ལོང་ངོས་སུ་ཅེར་ཅེར་རྗེས།།
དངན་པ་རིང་ཐུང་འགའ་ཞིག་ཡང་ཡང་འཐེན།།
ཁྱོད་གདོང་མེ་ཏོག་པདྨའི་འཕྲེང་བ་དེ།།
བདག་མིག་མེ་ལོང་ནང་དུ་ཤར་བ་ན།།
རིག་བྱེད་ངག་གི་སྙན་ངག་བུང་བ་འགའ།།
གླུ་དབྱངས་སྒྲ་དང་བཅས་ཏེ་ཡར་མར་ལྡིང་།།
གང་ཁྱོད་སྒྱུ་མའི་ལྷ་སྟེ་རང་བཞིན་བྲལ།།
གང་ཁྱོད་སྟོང་བ་ཉིད་དེ་ངོ་བོ་མེད།།
གང་ཁྱོད་ན་ཆུང་མ་སྟེ་བཅུ་དྲུག་མ།།
གང་ཁྱོད་ངག་གི་དཔལ་ཏེ་དབྱངས་ཅན་མ།།
གང་ཁྱོད་རྒྱལ་བའི་ཡུམ་སྟེ་ཤེས་རབ་མ།།
གང་ཁྱོད་དད་པའི་མེ་ཏོག་འཆིང་བ་མ།།
གང་ལ་གང་འགུལ་དེ་ལ་དེ་ལྟར་སྣང་།།
མཚན་དཔེ་ཉི་མ་ལྟར་ཤར་ཡིད་དབང་འཕྲོག།
སྒེག་ཉམས་ཟླ་བའི་མདངས་ཀྱི་སྣང་སེམས་འགུག།
གར་གྱི་སྟངས་སྟབས་ཕྲ་ལ་ལྡེམ་པ་དང་།།
ངག་གི་དཔལ་རྫོགས་སྒྲ་དབྱངས་སྙན་པ་ཡིས།།
ཆགས་བྲལ་རྒྱལ་བ་རྣམ་ཀྱང་བཟི་བར་བྱེད།།
བདག་གི་དད་པ་མེ་ཏོག་མེ་ཏོག་དམར་སེར་དག།
ཚོམ་བུ་བྱས་ཏེ་ཉིད་ལ་འབུལ་ལགས་ན།།
དགྱེས་འཛུམ་ཞལ་གྱི་སོ་འཕྲེང་འཚེར་བཞིན་དུ།།
མི་འབྲལ་མགོན་དུ་བཞུགས་དང་ལྷ་གཅིག་མ།།
མཐའ་བྲལ་རྒྱ་ཚོའི་ཇི་བཞིན་ཡོན་ཏན་མཛོད།།
ཁྱོད་་ཀྱིས་གོས་སུ་བཀླུབས་ཏེ་པདྨའི་སྟེང་།།
གར་སྟབས་ཉམས་ཀྱིས་འགྱིང་བའི་ཚངས་སྲས་མ།།
ཁྱོད་ཀྱི་འབངས་སུ་མཆིས་ལ་དུས་རྣམ་གཟིགས།།
༢༠༢༡/༡༠/༢༩
Leave a Reply