ས་མཐའ་ནས་ཨ་མ་དྲན་བྱུང་།

ཚ་བ་འབྲོག་སྲས། 

ན་གཞོན་ལང་ཚོའི་མེ་ཏོག་ཕར་ཕར་དུ་འགྲིབ་ནས།།
རང་ཡང་ཐོད་གཉེར་མངོན་པའི་དར་མ་ལ་གྱུར་ཚེ།།
བརྩེ་སེམས་གང་ལ་གཏད་ཀྱང་བློ་དཀར་ནི་དཀའ་ཚོད།།
ཁྱོད་ནི་གྱ་གྱུ་དབེན་པའི་བདེན་དྲང་གི་བུ་མོ།།

བདག་ནི་གཞན་ཡུལ་ཞིག་ནས་རང་ཉིད་ཀྱིས་བཟོས་པའི།།
ལག་ཟས་དྲི་ཞིམ་མེད་རུང་ཡང་ཡང་དུ་རོལ་སྐབས།།
དྲི་ངད་རྫོགས་མཐའ་བྲལ་བའི་ཕ་ཡུལ་གྱི་ཟས་དག།
ཁྱོད་ཀྱི་ལག་ནས་བྱུང་ཚུལ་བརྗེད་ཐབས་ནི་ཅི་ཞིག།

མི་འགྱུར་རྟག་པར་འཛིན་བཞིན་ལོ་ཟླ་ནི་ཤོར་སོང་།།
མི་སྲིད་བྱིས་པར་རློམ་ནས་རྒས་མཐའ་ལ་ཐུག་གདའ།།
མི་དྲན་གཞོན་པར་སེམས་ནས་ཁྱོད་ཉིད་ནི་རྒས་འདུག།
མི་ཚེ་བདེན་པར་སྣང་བས་དྲན་གདུང་ནི་མང་སོང་།།

བདག་རང་ཡུལ་ནས་ཆས་ཚེ་ཨ་མ་ཡི་སྣང་བརྙན།།
འབྲི་མོ་འོ་མ་འཇོ་བའི་ཞོགས་དུས་ལ་ཁེལ་ཡོད།།
བདག་རང་ཡུལ་དུ་ཐོན་ཚེ་ཨ་མ་ཡི་སྣང་བརྙན།།
ནོར་ཕྱུག་ལྷས་སུ་ཞོགས་པའི་རྨིག་རྗེས་ལ་ཁེལ་ངེས།།

ད་ནི་སྟོན་རླུང་འུར་འུར་ཁང་ཀླད་དུ་སླེབས་ནས།།
རྒྱ་ལྕང་ལོ་མ་སྒུལ་བའི་དུས་ཚིགས་ལ་ཁེལ་འདུག།
ཁུ་ལོ་མོན་དུ་ལོག་པའི་གཏམ་རྒྱུད་དག་མི་གླེང་།།
འདི་ནས་མ་ཁྱོད་དྲན་པའི་གདུང་བ་ཡང་འཕེལ་ངེས།།

ཚོགས་དྲུག་རྒྱ་ཕིབས་སེར་པོའི་གཟི་འོད་དང་འགྲོག་ནས།།
མགོ་རྣ་གཡེར་དྲིལ་འཁྲོལ་བའི་སྒྲ་དབྱངས་ལ་ཞེན་ནས།།
དམར་སེར་འདུས་སྡེ་རྒྱ་མཚོའི་གྲལ་མཐའ་རུ་གནས་ན།།
འདི་ཕྱིའི་ཞེ་བློ་བདེ་ཚུལ་གསུངས་བ་དག་དྲན་ཡོང་།།

ཁ་ཆད་སྙིང་དུ་བཏབ་པའི་སྙིང་གྲོགས་ལ་བསམ་ཚེ།།
འཇིག་རྟེན་བདེ་དགའི་རི་མོ་བལྟ་འདོད་དེ་ཆེ་རུང་།།
རེ་བཞག་རྨངས་ནས་བྱས་མཁན་ཨ་མ་དེ་དྲན་ཚེ།།
དམར་སེར་འདུས་པའི་སྡེ་ནས་ཐོས་བསམ་ལ་རོལ་འདོད།།

རྫུན་གྱི་མགོ་གཡོག་བྱེད་སའི་དྲྭ་ལམ་གྱི་གཏམ་སྙན།།
ཕར་ཆེར་སྐར་ཆ་འགའ་ཡི་རིན་ཐང་ཙམ་མི་སྲིད།།
ཁྱོད་ཀྱི་ཨོ་ལོ་ལ་སོགས་ཁ་ཡག་གི་གཏམ་ལ།།
སྙིང་དམར་ལྷན་དུ་འདྲེས་པའི་བརྩེ་བ་རང་འཁྱིལ་ཡོད།།

སྤྲིན་དཀར་བང་རིམ་སྟར་བཞིན་རི་ཉག་ནས་ཐོན་ཚེ།།
ལྕང་སྡོང་ལོ་མ་འགྲམ་ན་ཁེར་རྐྱང་དུ་ལྷག་ནས།།
དྲན་པ་ཆུ་རིས་ནང་དུ་ཁྱོད་ཉིད་ཀྱི་མཛེས་དཔལ།།
བུ་མོ་གཞན་དང་མི་འདྲ་ཧ་ཅང་གི་གསལ་འདུག།

སྤྲིན་པ་སྐད་ཅིག་མི་སྡོད་ཕྱོགས་ཕྱོགས་སུ་ལྡིང་འགྲོ།།
གལ་སྲིད་རང་ཡུལ་མཛེས་པའི་རྩྭ་ཐང་དུ་ཐོན་ན།།
འདི་ནས་ཐོས་སྒོམ་མེད་པར་འཁྱམ་ཉུལ་ལ་བྱང་རུང་།།
ལྷད་མེད་ཨ་མ་དྲན་ཚུལ་ཁོ་མོ་ལ་བཤད་རོགས།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*