སྐུ་འབུམ་མཇལ་བ།

སྐུ་འབུམ་མཇལ་བའི་རེག་ཟིན་སྒོ་གསུམ་སྙེ་མ་གཡོས་བའི་ཤུགས་སྒྲ།

                                          ཅོང་ཆུའི་གྲོལ་སྡེ།(དཀར་མཛེས།)

འཇམ་མགོན་བླ་མའི་གདན་སར་བསྟོད་པའི་ཚིག།
འཇམ་རྩུབ་རང་རྒྱུད་ཉོན་མོངས་ཞི་བའི་སླད།།
འཇམ་ལྡན་ངག་རིག་སྙན་པའི་དཔལ་ལ་དྲངས།།
འཇམ་དབྱངས་དགྱེས་པའི་དགའ་སྟོན་དེང་འདིར་སྩོལ།།

མགོན་པོ་གང་གི་ཞབས་རྡུལ་ཟེར་མའི་འོད།།
མགོན་དུ་ཤར་བའི་སྐལ་བ་བཟང་བོའི་དུས།།
མགོན་མཆོག་གཙུག་གི་རྒྱན་དུ་ཡང་ཡང་མཆོད།།
མགོན་ཁྱེད་དགྱེས་པས་བྱིན་རླབས་ཆར་དུ་བསྙིལ།།

བླ་ན་མཐོ་བའི་བསོད་ནམས་ཆེན་པོའི་མཐུས།།
བླ་མེད་ལེགས་བཤད་གསུང་གི་དཔལ་ལ་རོལད།།
བླ་མ་འཇམ་དཔལ་དབྱངས་དང་དབྱེར་མེད་པའི།།
བླ་ཆེན་ཆོས་ཀྱི་རྒྱལ་བོ་ཁྱེད་ལ་འདུད།།

མ་ལུས་ས་སྟེང་འགྲོ་བའི་མིག་གཅིག་པུ།།
མ་དག་འགྲོ་བ་འདྲེན་པའི་དེད་དཔོན་མཆོག།
མ་ལྟར་བརྩེ་བའི་སྙིང་བརྗེས་བདག་བསྐྱང་ནས།།
མ་བསམས་མེད་པར་ཤེས་བྱ་ཀུན་རྟོགས་ཤོག།

དད་གུས་སྒོ་གསུམ་སྙེ་མ་ཤུགས་ཀྱིས་གཡོས།།
ཆོས་འབྲེལ་གསེར་གྱི་ཐིགས་པས་ཡང་ཡང་བསིལ།།
དམ་ཚིག་སེའུ་འབྲུ་སྐྱེལ་ཚལ་གཅིག་ཏུ་ཐོགས།།
རྟེན་འབྲེལ་ལས་ཀྱི་གདན་ས་འདི་དང་མཇལ།།

ཟག་བཅས་ལུས་ཀྱི་ཕྱག་གིས་རི་མོ་བྲིས།།
མ་དག་སྒྲ་བཅས་ངག་གིས་བསྟོད་ཚིག་སྒྲོག།
དྲི་བཅས་ཡིད་ཀྱིས་སྨོན་ལམ་རྣམ་དག་བཏབ།།
བྱིན་ལྡན་མཆོད་རྟེན་བརྒྱད་པར་དང་བོར་མཇལ།།

གཞུང་ཚིག་ཐོས་ཕྱིར་བློ་གྲོས་རྒྱས་སུ་གསོལ།།
གཞུང་དོན་བསམ་ཕྱིར་རྣམ་གཡེང་དབྱུང་དུ་གསོལ།།
གཞུང་གནད་བསྒོམ་པའི་ཕྱིར་བྱིང་རྒོད་བགྲད་དུ་གསོལ།།
གཞུང་མཐར་ཕྱིན་ཕྱིར་བཙན་ཁང་ཆེན་མོར་མཇལ།།

འཆད་པའི་མཁས་མང་འཛོམས་པའི་འདུ་ཁང་དང་།།
རྩོད་པའི་དཔུང་ཚོགས་རྒྱས་པའི་ཆོས་ར་སོགས།།
རྩོམ་པའི་གསུང་རབ་བསྟར་བའི་ལྷ་ཁང་བཅས།།
དགའ་བའི་སྒོ་གསུམ་སྙེ་མ་གཡོས་པའི་མཇལ།།

ལྟ་བའི་གད་རྒྱངས་སྒྲོགས་པའི་སྤོབས་པ་ཞུས།།
སྒོམ་པའི་གནས་ལུགས་རྟོགས་པའི་བྱིན་རླབས་རེར།།
སྤྱོད་པའི་ཉམས་ལེན་མཚུངས་བའི་སྨོན་ལམ་བཏབས།།
ལྟ་སྒོམ་སྤྱོད་གསུམ་བདག་ཉིད་ཆེན་པོར་གཏད།།

ཟབ་ཟབ་ཤེས་བྱའི་དེ་ཉིད་རྟོགས་ཕྱིར་མཇལ།།
གསལ་གསལ་བློ་ཡིས་མ་ལུས་མཐོང་ཕྱིར་མཇལ།།
མྱུར་མྱུར་རིག་པའི་དགག་བྱ་གཅོད་ཕྱིར་མཇལ།།
མཚུངས་མཚུངས་འཇམ་མགོན་བླ་མར་མཚུངས་ཕྱིར་མཇལ།།

2021 2 13དགོང་མོར་ཟི་ལིང་དུ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*