ལྷ་མོ་དབྱངས་ཅན་མར་སྦྱར་བའི་མགུར“མ་བརྒྱད་ཅུ་མ།”
གཡུ། (ཉག་རོང་།)
༄༅། །ངག་དབང་དབྱངས་ཅན་ལྷ་མོར་ཕྱག་བགྱིའོ།།
སྒྱུ་འཕྲུལ་སོར་མོའི་སྟེང་ལ།།
ངག་གི་རིགས་བྱེད་འཁྲུངས་མ།།
ངག་དབང་དབྱངས་ཅན་ལྷ་མོ།།
མགྲིན་པའི་དབྱངས་ལ་སིམ་ཤོག །
པདྨའི་ཡལ་འདབ་སྟེང་ལ།།
པད་མོས་ཕྱག་རྒྱ་མཛད་མ།།
པད་གདན་ཟེའུ་འབྲུའི་བཅུད་དུ།།
པདྨའི་ཚལ་དུ་ཕེབས་མཛོད།།
“མཛེས་མཛེས་སྟངས་སྟབས་མཛད་མ།།
གྲེ་འགྱུར་མངའ་དབང་འབྱོར་མ།།
རིགས་བྱེད་ངག་གིས་ཕྱུག་མ།།
མགྲིན་པ་ཆབ་ཀྱིས་བྲན་མ།།
སྣ་ཚོགས་སྒེག་པ་དཔའ་མ།།
འཛུམ་གྱི་དོ་ཤལ་འཆང་མ།།
ལྷ་ཚོགས་སྙིང་གི་ཤམ་མ།།
ཡིད་ཀྱི་དྭངས་མཚོར་སྨིན་མ།།
ཆོས་ཀྱི་དབྱིངས་སུ་གསལ་མ།།
བདེ་སྟོང་ཀློང་དུ་འདེབ་མ།།
འདོད་དགུའི་ཡིད་བཞིན་འཇོ་མ།།
འདོད་པའི་ཁམས་ཀྱི་མཛེས་མ།།
སྤྱི་བོར་ལྷ་ཚོགས་རྩེན་མ།།
མགྲིན་པར་ལངས་སྤྱོད་ཚང་མ།།
སྙིང་ཀར་འོད་ཐིག་འབར་མ།།
བདེར་གཤེགས་ཐུགས་ཀྱི་རིགས་མ།།
བསིལ་བྱེད་ཞལ་གྱིས་གནོན་མ།།
རྒྱ་ལྕང་ལོ་མ་འཁྲུངས་མ།།
དྲི་ཞིམ་སྤོས་ཀྱིས་བྱུག་མ།།
ལྡེམ་ལྡེམ་ལས་ཀྱི་གར་མ།།
ཨེན་ཙམ་སྒེག་ཆོས་དོད་མ།།
མེ་ཏོག་བག་ཙམ་འཛིན་མ།།
གཡས་པས་པི་ཝང་འཁྲོལ་མ།།
གཡོན་པས་རམ་འདེགས་མཛད་མ།།
སྟོང་ཉིད་སྡུག་མཛུབ་སྟོན་མ།།
འདུ་འབྲལ་མི་རྟག་མཚན་མ།།
རྟགས་ཁྱབ་གཉིས་ཀྱིས་གྲུབ་མ།།
མི་འདོད་དགྲ་བགེགས་སེལ་མ།།
བཀྲེན་པ་ཟས་ཕུད་གནང་མ།།
སྐོམ་པ་ཆུ་ཡིས་གསོ་མ།།
གང་འདོད་ལྷུན་འགྲུབ་སྐྱོར་མ།།
ནོར་ལྷ་ཛམ་གྱི་འཕྲུལ་མ།།
ཐོལ་མགུར་ཡིད་ཀྱི་དྭངས་མ།།
མི་སེམས་གསོ་ཕྱིར་མགུར་མ།།
སྒྱུ་འཕྲུལ་མི་སེམས་གཡོ་མ།།
སྣང་སྲིད་དབང་དུ་སྡུད་མ།།
ངག་གི་གསང་ལམ་སྟོན་མ།།
མཆོག་གི་དངོས་གྲུབ་འགྱེད་མ།།
བདུད་རྩིའི་ཡོན་ཆབ་མཆོད་མ།།
རང་བཞིན་སངས་རྒྱས་མྱུར་མ།།
རེས་འགའ་འཕུར་འགྲོས་སྟོན་མ།།
རེས་འགའ་གོམ་འགྲོས་མཛད་མ།།
ཉི་ཟླའི་མཁའ་ལམ་གཅོད་མ།།
གླིང་བཞི་གོམ་གྱིས་གཞལ་མ།
རེས་འགར་གླུ་དབྱངས་ལེན་མ།།
རེས་འགར་ཆོས་དབྱངས་མགུར་མ།།
ཆོས་ཀྱི་མེ་ཆེན་སྦར་མ།།
འཁོར་བར་བྱ་བཏང་མཛད་མ།།
སྐྱེ་འཆིར་མངའ་དབང་བསྒྱུར་མ།།
དུས་གསུམ་གསལ་ལེར་མཁྱེན་མ།།
སྟོང་གསུམ་ཕྱག་གིས་འགེབ་མ།།
བྱམས་དང་སྙིང་རྗེ་མངའ་མ།།
དད་ན་བྱིན་རླབས་འཇུག་མ།།
སྐྱབས་ན་གདོང་གྲོགས་མཛད་མ།།
བོས་ན་མྱུར་ཞགས་འཕེན་མ།།
རེ་ན་འདོད་དོན་སྒྲུབ་མ།།
ཡེ་ནས་སངས་རྒྱས་ཡིན་མ།།
ངོ་བོར་ཆོས་སྐུ་སྨིན་མ།།
བཅུ་དྲུག་ལང་ཚོ་རྫོགས་མ།།
བཅུ་བདུན་མེ་ཏོག་འཛིན་མ།།
ཆོས་ཉིད་གཟུགས་རིས་དཔར་མ།།
ཀུན་འདུས་ཞལ་གྱིས་གཏུམ་མ།།
རིགས་འདུས་སེམས་དཔའི་ཁྲོ་མ།།
ཏིང་འཛིན་ཟས་སུ་གསོལ་མ།།
ལོག་རྟོགས་རྦད་དེ་གཅོད་མ།།
སྐྱོན་མཚང་རྨང་ནས་བྲུ་མ།།
དོན་ལ་འཁྲུལ་བ་སེལ་མ།།
ཐུགས་རྗེ་སུ་ལ་བྲིན་མ།།
ཆོས་ཀྱི་འཁྲུལ་བ་འཇོམས་མ།།
ཀུན་རྫོབ་གནས་ལུགས་རྟོགས་མ།།
དོན་དམ་བདེན་མེད་མཁྱེན་མ།།
རྩ་འཁོར་རང་སར་གྲོལ་མ།།
འཁྲུལ་མེད་མདུན་ལམ་སྟོན་མ།།
མི་སེམས་དགའ་བའི་བཅུད་མ།།
འདི་ཕྱི་གཉིས་ཀྱི་སེམས་མ།།
སྣ་ཚོགས་གཡུལ་ལས་རྒྱལ་མ།།
འདོད་དགུ་ཀུན་འབྱུང་གཏེར་མ།།
བཀྲིས་རྟགས་མཚན་འབར་མ།།
བདེ་ལེགས་དོན་འགྲུབ་གཞི་མ།།
ཕུན་ཚོགས་ཕྱ་གཡང་འབེབ་མ།།”
འབྱུང་བཞི་ནད་ཀྱིས་ཟིན་ན།།
ཡན་ལག་རུས་པ་འཐོར་ན།།
མི་སེམས་སྐྱོ་བས་ཁེངས་ན།།
ལྷ་མོ་ཁྱེད་ལ་རེ་འོ།།
ལྷ་མོ་ཁྱེད་ཀྱིས་སྐྱོངས་ཤིག །
Leave a Reply