རྩོམ་པ་པོ། སྐྱེ་དགུ་དགོན་པའི་གྲྭ་སྒ་ངག་ཆོས།
གཞུང་དོན་ཁུ་ཡུག་གསུང་སྙན་ཐོས་མ་ཐོས། །
བསམ་གཞིག་ལྕང་ལོའི་འདབ་མ་གཡོ་མ་གཡོ། །
པོ་ཏི་གསེར་གྱི་བྲག་རི་བརྩེགས་པས་ཤེས། །
གཞུང་བཟང་གདམས་ངག་བསེད་ནས་བཀྲོལ་བས་ཤེས། །
བཙུན་པས་རང་རྒྱུད་སྒོ་གསུམ་བསྡམས་མ་བསྡམ། །
འཆད་པས་གཞན་རྒྱུད་བློ་རྨོངས་གསལ་མ་གསལ། །
སྡོམ་གསུམ་དྲི་མེད་ཆོས་གོས་ལྡན་པས་ཤེས། །
བུ་སློབ་ནགས་ཚལ་ཕྲེང་བར་མཛེས་པས་ཤེས། །
འཐེན་ཁྱེར་ཨུ་ཚུགས་དབྱུག་པ་བཟུང་མ་བཟུང་། །
ཆགས་སྡང་སོ་གཉིས་རལ་གྲི་གཡུག་མ་གཡུག །
གཞུང་དོན་རིན་ཆེན་བཀའ་བཞིན་བཀྲལ་བས་ཤེས། །
མི་ཚེ་ཉི་ཟླ་རི་པ་རྒས་པས་ཤེས། །
གྲུབ་ཐོབ་སྣང་སེམས་དབང་དུ་འབྱོར་མ་འབྱོར། །
ཉམས་ལེན་སྦྱོར་བ་ཆོས་བཞིན་བྱས་མ་བྱས། །
བྱམས་པའི་སྐུ་ལ་གཉིས་མེད་འཐིམ་པས་ཤེས། །
སྒྱུ་མའི་རྩེ་མོ་དེ་གར་བསྟན་པས་ཤེས། །
གངས་ཅན་མཛེས་རྒྱན་རོང་སྟོན་ཆེན་པོ་ཞེས། །
མཚན་གྱི་རྒྱལ་མཚན་དཔལ་དུ་འབར་བ་ནི། །
དབང་དང་ནོར་གྱིས་ཉོས་པས་མ་ཡིན་པ། །
མི་ཚེའི་སངས་རྒྱས་ལམ་བཞིན་སྤྱོད་པས་ཡིན། །
གངས་ཅན་མཁས་པ་གོ་ཤཀ་སྟག་གསུམ་ཞེས། །
ཆེ་རྒུའི་རལ་བ་བཅིང་བ་བྱེད་འདི་རྣམས། །
རྗེ་བཙུན་ཁྱེད་ཀྱི་ལེགས་བཤད་བདུད་རྩི་ཡིས། །
གསོས་པའི་མཁའ་ལྡིང་ཁྱུང་ཆེན་མ་ཡིན་ནམ། །
རྣམ་ཐར་མེ་ཏོག་དཀར་དམར་རབ་འཁྱུག་པས། །
བདག་སེམས་དད་པས་མི་གུས་རང་དབང་ཅི། །
ཕྱོགས་འཛིན་འུར་གྱིས་རྒྱས་བསྟོད་མ་ཡིན་པའི། །
རང་བཞིན་བརྗོད་པའི་ཅོ་ག་འདི་ན་འགྱུ། །
བློ་གྲོས་པདྨའི་འདབ་མ་རབ་འཛུམ་ནས། །
བཀའ་བསྟན་དགོངས་པའི་གཏིང་ལ་སེམས་བྱིང་བའི། །
ནུས་མཐུ་བློ་ཡི་སྒྲོན་མེ་སྦར་རོགས་དང་། །
བྱིན་རླབས་ལམ་གྱི་ཆར་པ་ཕབ་རོགས་དང་། །
ཀུན་གསལ་ཟླ་འོད་རོལ་བའི་དད་ཚོར།
རྩོམ་པ་པོ། སྒ་ངག་ཆོས།
རྒྱལ་བ་ཡངས་པའི་མཁའ་དབྱིངས་ནས། །
ལུང་བསྟན་སྤྲིན་དཀར་ཕུང་པོ་ཡིས། །
ཟིལ་བུ་ཕབ་པའི་ཆར་བ་ནི། །
རྗེ་བཙུན་ཀུན་དགའ་བཟང་པོ་ལགས། །
ངེས་འབྱུང་སྟོན་རླུང་བསིལ་མོ་ཡིས། །
སེམས་བརྒྱུད་གདུང་བ་རྟག་ཞི་པའི། །
སོ་ཐར་སྤྲིན་དཀར་གོས་བྱས་པ། །
རྗེ་བཙུན་རིག་པ་རང་གསལ་ལགས། །
གསལ་སྟོང་འཇའ་ཚོན་འཐེན་པ་ཡི། །
འཁོར་འདས་འོ་ཆུ་གཅིག་འདྲེས་ཀྱི། །
སྙན་བརྒྱུད་ཟབ་མོའི་རྒྱ་མཚོ་ཆེ། །
ཧུབ་ཀྱིས་བཞེས་མཛད་རྡོ་རྗེ་འཆང་། །
མཐའ་ཡས་ཡོན་ཏན་ནམ་མཁའི་རྒྱ། །
བྱིས་བློ་བྱེ་འུ་གཞལ་དཀའ་མོད། །
སྡོམ་གསུམ་དྲི་མེད་དར་དཀར་ལ། །
སྐྱོན་མེད་ཀུན་ཏུ་བཟང་བས་བསྟོད། །
འཆད་རྩོད་རྩོམ་པའི་ཆུ་རྒྱུན་ནི། །
ཚེ་མཐའི་རྒྱ་མཚོར་གཏུགས་ནས་སུ། །
སྤྲོ་བཞིན་ལུང་རྟོགས་བསྟན་པ་ལ། །
ཤེས་རབ་རླབས་ཕྲན་ཆལ་ཆིལ་གཡོ། །
ཕྱིན་དྲུག་རབ་དགའ་སྐྱེད་མོའི་ཚལ། །
བསྡུ་བཞི་རྒྱན་བཅས་རྟག་རོལ་ཞིང་། །
བསྟན་པ་དཔག་བསམ་ལྗོན་པ་བཟང་། །
གང་ལ་བཏབ་མཛད་ངོར་ཆེན་རྗེ། །
ལ་ལ་རྟག་མཐའི་ལ་མོ་ཆེ། །
བརྒལ་བའི་སྤོབས་སེམས་བག་ཏུ་ཞུམ། །
ལ་ལ་ཆད་པའི་གཡང་མོ་རོང་། །
ཤེས་རབ་མིག་དང་བྲལ་བས་ལྟུང་། །
འཁོར་འདས་འཇའ་ཚོན་རིས་གཅིག་ཏུ། །
དབྱེར་མེད་གཟིགས་པ་ཁྱེད་ཀྱི་སྤྱན། །
སྣ་ཚོགས་སྣང་བའི་ཕུང་པོ་ཀུན། །
རྟེན་འབྱུང་སྒྱུ་མའི་གར་དུ་སྨྲ། །
རྟེན་འབྱུང་སྟོང་བར་སྨྲ་ཤེས་ཤིང་། །
སྟོང་བ་གསལ་བར་སྣང་ཆོག་པའི། །
ཐ་སྙད་བདེན་པའི་དངོས་པོ་གཤིས། །
ཇི་བཞིན་མཁྱེན་པ་ཁྱེད་ཀྱི་ཐུགས། །
སྟོང་བ་ཆོས་གཤིས་ནམ་མཁའི་མདོག །
གཡའ་བྲལ་གཟིགས་པ་ཀུན་དགའ་བཟང་། །
རྒྱལ་བས་བསྔགས་པའི་ཡོན་ཏན་གཏེར། །
ཁྱེད་ཀྱི་ཟབ་མོའི་ཐུགས་མཚོ་ཡིན། །
སྙིང་རྗེ་ས་གཞི་ཡངས་པའི་ཁམས། །
སེམས་བསྐྱེད་དཀར་དམར་མེ་ཏོག་བསྡེབས། །
དམིགས་མེད་ཤེས་རབ་གུར་ཁང་དབུབས། །
བྱང་ཆུབ་སེམས་དཔའ་ཁྱེད་མིན་སུ། །
མུས་ཆེན་སེམས་དཔའ་ལ་སོགས་ཀྱི། །
སློབ་བུ་རྒྱུ་སྐར་མཐའ་རྒྱན་ཅན། །
ཀུན་མཁྱེན་ཀུན་གསལ་ཟླ་བ་ལགས། །
ཕྱོགས་ལྷུང་མེད་པའི་དད་པས་གུས། །
ཁྱེད་ཀྱི་ཡོན་ཏན་རིན་ཆེན་རི། །
མཇལ་བའི་སྐལ་བ་ལྡན་ཙམ་གྱིས། །
ཚེ་འདིར་ཞེན་པ་བཞི་བྲལ་པའི། །
ས་ལམ་ཟིན་པ་བྱིན་གྱིས་རློབས། །
༢༠༢༡ལོར་རྒྱལ་བས་ལུང་གིས་བསྔགས་པའི་ངོར་ཆེན་རྡོ་རྗེ་འཆང་ཀུན་དགའ་བཟང་པོ་འདས་མཆོད་ཉིན་ཁོང་གི་རྣམ་ཐར་མཇལ་ཞོར་དུ་རྗེས་དྲན་ལ་མདོ་སྨད་ཁྲི་ཀ་རྨ་ཆུ་ལུ་མའི་གཡས་ངོས་འཇམ་མགོན་ས་པཎ་གྱིས་བཞེང་བའི་ཁྲི་ཀའི་ཇོ་བོའི་འགྲམ་ནས་སྦྱར་རོ།
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།