ཟླ་དགུ་པའི་ལོ་མ།

                                                  རེ་སྨྱུག དཀར་མཛེས།

གཡུ་ཡི་མེ་ལོང་ངོས་སུ་མེ་ཏོག་བཞད།།
མེ་ཏོག་བཞད་པའི་མཛེས་ལྗོངས་ཡིབ་ནས་བྱུང་།།
ནགས་ཚལ་ཤིན་ཏུ་མཐུག་པོའི་ཡུལ་ལྗོངས་དེ།།
ན་ཚོད་རྒས་པའི་ལང་ཚོ་དོད་ནས་བྱུང་།།

ཉི་འོད་ཆར་བ་འཐབ་པའི་ས་སྲོད་དེར།།
ཉི་འོད་སྡོང་བོའི་གསེང་ནས་ལམ་ལ་ཆས།།
རང་ཤག་སྒེའུ་ཁུང་མཐའ་ནས་མཐོང་སྣང་ལ།།
རླུང་བུས་དར་ལྕོག་སྐྱོད་པའི་སྣང་ཡན་བསིལ།།
ལོ་མའི་སྟེང་གི་ཟིལ་བ་ཐུར་དུ་བཞུར།།
ལོ་མའི་ཞལ་ལ་བྱབས་ཁྲུས་གནང་བར་འདྲ།།

ལོ་མའི་ལང་ཚོའི་དཔལ་གྱི་གཟི་བྱིན་དེ།།
ས་ཡི་དཀྱིལ་འཁོར་སྟེང་ལ་མགྲོན་དུ་ཕེབས།།
དུས་ཚིགས་འགྲོས་ཀྱིས་བསྟར་བའི་གྲང་ངར་འདིས།།
ལོ་མའི་ལང་ཚོ་རལ་བའི་གྲོས་སུ་འདེབས།།
ཕྲུག་དང་གོས་ཆེན་དོར་བའི་སྡོང་བོ་ཡི།།
ཁེར་རྐྱང་ལུས་པའི་ངོ་གདོང་རླུང་བུས་སྤྱོད།།
ཁོ་བོའི་སེམས་པ་རྒྱ་མཚོའི་རླབས་རིས་སུ།།
ཁེར་རྐྱང་བཞུད་པའི་རི་མོ་དཔྲལ་ངོས་ལྷུང་།།
མིག་ཟུང་མཐའ་རུ་མུན་པ་འཚུབ་ཐེངས་རེས།།
ཡིད་ཀྱི་ནམ་མཁའ་མག་མོག་བཏང་མ་ཐུབ།།
སླར་ཡང་པང་དུ་ལོག་པ་ཡིད་ཀྱིས་སྨོན།།

༢༠༢༡/༡༠/༡༩ཉིན།

Be the first to comment

Leave a Reply

Your email address will not be published.


*