རྗེ་བཙུན་བཞད་པ་རྡོ་རྗེ་ཞིབ་མཇལ་བྱས་པ།

                                                  རྩོམ་པ་པོ། ཚ་བ་ཞོགས་འཁར།

ཁམས་གསུམ་ཚིག་གཏེར་སྙན་པ་གཅིག་ཏུ་འདྲིལ། །
རིག་བྱེད་བྱེ་བའི་དམག་དཔུང་ཚོགས་ཀྱི་དབུས། །
དབྱངས་བདུན་གོ་ཆའི་ཆ་ལུགས་རྫོགས་པའི་ལྷ། །
ངག་དབང་དབྱངས་ཅན་ལྷ་མོ་ཕྱག་གི་ཡུལ། །


སྐུ་གསུམ་ངོ་བོ་གཅིག་ཏུ་བསྡུས་པའི་སྤུངས། །
མ་ཧཱ་མཱ་ཡཱའི་གདམས་པ་ཐུགས་སུ་མནོས། །
གསང་ཆེན་རིག་པའི་མཛོད་ཀྱི་སྒོ་ཆེན་པ། །
མར་སྟོན་རྡོ་རྗེ་འཆང་ལ་ཕྱག་བགྱི་འོ། །


མེ་ཏོག་མདངས་ལ་ཚོན་གྱིས་མ་བསླད་ཅིང་། །
གདམས་པ་གང་ལ་གཞན་ལུགས་མ་བརྫུས་པའི། །
གངས་ཅན་པཎ་གྲུབ་ཀུན་གྱི་ཆུ་འགོ་པ། །
མཚུངས་མེད་བཀའ་བརྒྱུད་པ་ལ་གུས་ཕྱག་འཚལ། །


སྐུ་ལུས་གཅིག་ལ་ཆོས་སྐུ་རྩལ་རྫོགས་ཤིང་། །
མི་བསྐྱོད་བྱ་ཚོགས་ལྟ་བུ་མཁའ་ལ་འགྲོ ། །
མཐོང་ཐོས་དྲན་རེག་བདེ་ལ་བཀོད་མཛད་པ། །
སྐྱེས་མཆོག་ཐོས་པ་དགའ་ལ་དང་བས་འདུད། །


གང་གི་ཞབས་སེན་པདྨའི་མདངས་བཟང་ལ། །
ཚེ་རབས་བགྲང་ཡས་དབྱངས་ཀྱིས་བསྟོད་བྱས་ནས། །
ལེགས་བྱས་སྤྲིན་དཀར་གཡོ་བའི་བ་དན་ཚོགས། །
མཚོ་ལ་ཁ་བ་འབེབས་བཞིན་འཐིམ་གྱུར་ཅིག །


གུང་ཐང་སྐྱ་རྔ་རྩྭ་ཞེས་དཔལ་དུ་བལྟམས། །
མི་ལའི་གདུང་རྒྱུད་གནམ་གྱི་མཐོངས་ལ་འཕགས། །
མི་ཚོགས་སྡེ་ཆེན་སྟོང་གི་སྨོན་པའི་གནས། །
ཡབ་ཚང་མི་ལ་ཤེས་རབ་རྒྱལ་མཚན་དྲན། །


གངས་རིའི་བུ་མོ་མྱང་ཚ་དཀར་རྒྱན་གྱི། །
ལྟེ་བའི་སྣོད་དུ་དྭངས་མའི་བཅུད་འདུས་པས། །
གདུལ་བྱའི་བསོད་ནམས་ཚོགས་ཀྱི་ཕན་བདེའི་སླད། །
སྐྱེས་མཆོག་ཐོས་པ་དགའ་ཞེས་བྱ་བ་བལྟམས། །


སྤྲིན་གྱི་བང་སོ་འཛིན་མའི་མགུལ་དུ་བརྒྱན། །
སྣ་ཚོགས་ཡིད་དགའ་མེ་ཏོག་མཚར་དུ་བཞད། །
ཚངས་ཆེན་ཐུགས་ཀྱང་ཡང་ཡང་གཡོ་བའི་ཡུལ། །
གནས་མཆོག་སྐྱ་རྔ་རྩྭ་དེ་ཡིད་ལ་ལྷུང་། །


ནས་ཆང་བདུད་རྩིས་རང་ཁྱིམ་དྲི་ངད་འཐུལ། །
ཤ་མར་ཐུད་ཀྱིས་མགྲོན་པོ་ཚོགས་སུ་འདུས། །
འཁོར་མང་སྟོབས་ལྡན་ཡིན་པའི་གུང་ཐང་དུ། །
ཀ་བཞི་གདུང་བརྒྱད་ཁང་ཆེན་ཡིད་ལ་འཁོར། །

༡༠
མི་ཟད་གན་མཛོད་སྤུངས་པའི་སོ་ནམ་རྒྱས། །
ལོ་ལེགས་འབྲུ་ཡི་སྙེ་མ་མགོ་ལྕོག་ལྡེམ། །
མི་འཛད་ནོར་གྱི་ཁེངས་པའི་སྟོད་ཀྱི་ཆར། །
ཞིང་ས་འུར་མ་གྲུ་གསུམ་སླར་ཡང་དྲན། །

༡༡
གནག་སྣུམ་ལན་བུ་སིལ་མ་རྒྱབ་ཏུ་བཞུར། །
བྱུ་རུའི་མཚལ་སྒྲོས་ཁྲག་གི་ཨུཏྤལ་ཆགས། །
ཞུམ་མེད་སྙིང་ལ་ལྕགས་ཀྱི་འཕྲུལ་འཁོར་ཅན། །
གུང་ཐང་མྱང་ཚ་དཔའ་མོ་ཡང་ཡང་དྲན། །

༡༢
ཁྱིམ་གཅིག་མལ་སའི་ནང་དུ་སྐྱིད་ཉལ་བྱས། །
འཚོ་བ་དགའ་སྐྱོ་རེས་མོས་རུམ་དུ་སྦས། །
བཞིན་རས་མཚལ་ཁས་གཞན་ཡིད་མ་བསླུས་པའི། །
སྲིང་མོ་པེ་ཏ་དེ་ཡང་དྲན་པའི་ཡུལ། །

༡༣
རིང་མ་ཐུང་གི་སྐྲ་ལོ་ལྟག་ལ་འཕངས། །
བྱིས་པའི་འཚོ་བ་མངར་གསུམ་ཁ་ལ་ལྡུད། །
དཔའ་རྩལ་རྔ་གསང་མཐའ་ནས་དགུང་ལ་ཆས། །
མི་ལའི་གདུང་རྒྱུད་ཐོས་པ་དགའ་དེ་དྲན། །

༡༤
ཤེས་རབ་རྒྱལ་མཚན་གཞན་མགྲོན་བསུས་སུ་ཕེབས། །
མྱང་ཚ་དཀར་རྒྱན་ཁྲམ་པས་བྲན་དུ་བཀོལ། །
སྲིང་མོ་པེ་ཏ་ངེས་མེད་ས་མཐར་འཁྱམས། །
ལོ་ཟླ་དེ་དག་བསམས་ན་སེམས་པ་སྐྱོ། །

༡༥
གོས་ཧྲུལ་མེ་ཏོག་འདབ་མ་ལྷབ་ལྷུབ་གཡོ། །
གྲ་མའི་སྐ་རགས་སེར་པོ་དམ་དུ་བཅིངས། །
གད་དར་ཕྱི་ཞིང་རྒྱུ་སྤུན་འཁེལ་ལ་བྲེལ། །
གུང་ཐང་ཉམ་ཆུང་བུ་མོ་ཉམས་རེ་དགའ། །

༡༦
མྱང་ཚས་ཁྱིམ་མཚེས་བསུས་ཤིང་ཤ་ཆང་བཤམས། །
ཞལ་ཆེམས་ཉམས་མགུར་ཚོགས་པའི་དབུས་སུ་གྱེར། །
སྡང་དགྲས་མཚོན་ཆ་རྩུབ་མོའི་སོ་ཁ་ཡིས། །
མ་བུ་སྲིང་གསུམ་བྲང་ཤ་ཚ་མོར་གཤགས། །

༡༧
སྐྱིད་ཀྱི་ལོ་ལ་ཁ་ཤ་སྣུམ་གྱི་ཁེངས། །
སྡུག་གི་ལོ་ལ་སྐྱོ་བའི་མཆི་མ་ལྷུང་། །
སྐྱིད་སྡུག་འདྲེས་མའི་འཁོར་བའི་ཉིན་སྲིབ་ལ། །
སྣ་ཚོགས་དུས་ཀྱི་འགྱུར་བ་ཅི་ཡང་འཆར། །

༡༨

སེམས་ཉིད་སེམས་ལ་སྦྱར་བའི་ཉི་ཚེ་དེ། །
མི་བརྟན་ལས་ཀྱིས་དེད་པའི་བར་ཆད་ཡིན། །
སེམས་ཉིད་གཙང་པོ་རླབས་ཀྱིས་སྒུལ་བའི་ཚེ། །
ཆུང་འདྲིས་ན་ཆུང་བུ་མོའི་ཐུགས་སེམས་བསད། །

༡༩
སྡུག་གི་ལོ་ཟླའི་སྟོབས་ཀྱིས་དབེན་པར་འགྲིམས། །
ཆུང་འགྲོགས་མཛེས་སེའི་ཐུགས་དང་འགལ་བ་བྱས། །
དཔའ་གདིང་མེ་དཔུང་ཚ་རླབས་དགུང་ལ་འཕྱོ། །
ཁྲེལ་མེད་དགྲ་བོའི་སེམས་སུ་དུ་ཁཿབརྩིགས། །

༢༠
མདའ་གྲི་མཚོན་གྱིས་ཆར་བ་མ་ཕབ་ཅིང་། །
འཁོར་བའི་ཐང་ཆེན་ནང་ན་གཡུལ་དུ་བརྗིད། །
དོན་མེད་གཞན་ལ་འཁོན་དུ་མ་བཙུགས་ཀྱང་། །
ལན་ཆ་ཟང་ཐལ་བརྡལ་ལ་དཔའ་སྟོབས་ཆེ། །

༢༡

ཆང་ལ་དགའ་ནས་ཆང་དེམ་སྐེད་དུ་བཏགས། །
གྲོགས་ལ་མཛའ་ནས་མཛུབ་དཀྲིས་པང་དུ་ཕུལ། །
དམ་ཚིག་འོ་ཆུ་ལྟ་བུ་སྙིང་གྲོགས་ལ། །
སེམས་གཏམ་ཟབ་མོ་ཕ་གཞིས་གྲོང་ལ་ཕབ། །

༢༢
ཕ་ཡུལ་འདབས་སུ་བརྩེ་བའི་མིག་ཞགས་འཕེན། །
མ་སྲིང་གདོང་ལ་ཕྱིར་མིག་ལན་དུ་འཕངས། །
ཆུང་འདྲིས་མཛེས་སེ་ཉིད་དང་ཁ་ཆད་བྱས། །
གནའ་རབས་འཇོན་མི་ཐོས་པ་དགའ་བ་དྲན། །

༢༣
འདོ་བའི་རྨིག་ལམ་རིང་མོ་རིང་དུ་གཤགས། །
ཇག་ཚོགས་དཔུང་པའི་གཡུལ་ལས་རྣམ་པར་རྒྱལ། །
ཨ་མས་སེམས་ལ་ངར་ཁ་མེ་དཔུང་སྦར། །
ཞེ་འགྲས་བདག་པོ་ཐོས་པ་དགའ་བ་དྲན། །

༢༤
གདུང་བའི་སྨྲེང་གླུ་གཡུང་སྟོན་བླ་མར་ཕུལ། །
གཟའ་གདོང་དམར་ནག་མཐུ་ཡི་གདམས་པ་བླངས། །
ས་སྲོད་བདུད་ཀྱི་ཆོ་འཕྲུལ་ཚར་དུ་བཅད། །
སྤྱན་རྩ་དམར་ནག་ཐོས་པ་དགའ་བ་དྲན། །

༢༥
གཡུང་སྟོན་བླ་མའི་ཕྱག་དྲིལ་རུམ་དུ་ཁུར། །
ཆོས་གྲོགས་ཡོན་ཏན་རྒྱ་མཚོའི་ཕྱག་ཏུ་ཕུལ། །
སྐྱོ་བའི་གཏམ་རྒྱུད་རིང་མོ་སྙན་ལ་ཞུས། །
བརྩེ་བའི་ཐུགས་རྗེས་ཕྱག་ཟུང་དབུ་ལ་བཞག །

༢༦
ས་འོག་རིམ་པ་གསུམ་དང་སྟེང་ཐོག་གཅིག །
འཛུལ་སྒོ་གང་ཡིན་མི་ཤེས་སྒྲུབ་ཁང་བརྩིགས། །
བདུན་ཟུང་བཅུ་བཞིའི་མཚན་མོར་མཐུ་རྟགས་ཀྱིས། །
སྲུང་མ་དམ་ཅན་ཁྲོས་པའི་སྤྱན་ཟུང་བགྲད། །

༢༧
འབུ་སྲིན་མང་པོས་ཟང་ཟིང་མགུར་མ་གྱེར། །
སྡིག་པ་ར་ཙས་ཀ་བར་དམ་དུ་འཐམས། །
སྦྲུལ་དང་སྦལ་པས་འཁྱུག་འགྲོས་ལྡེམ་ལྡེམ་གཡོ། །
འཇིགས་རུང་སྲིན་པོའི་གྲོང་ལྟར་སྙིང་ལ་གཟན། །

༢༨
རྟ་ཕོས་རྒོད་མ་གཙེས་པས་ཀ་བ་འགྱེལ། །
ཁང་པ་རྡིབ་པས་ལྡིར་སྒྲས་གནམ་སར་ཁྱབ། །
གྱང་དང་ཀ་བའི་འོག་ཏུ་མི་རོ་ཁེངས། །
ཐལ་འཚུབ་ཀློང་དུ་ངུ་སྐད་གནམ་ས་བཀང་། །

༢༩
སྐྱ་རྔ་རྩྭ་རུ་རླུང་དམར་འཚུབ་མ་བསུས། །
གུང་ཐང་ཡུལ་དུ་སྤྲིན་ལྕེ་སྣེ་མོ་ཁྲིད། །
ཨ་ཁུའི་བག་སྟོན་ངུ་ངག་དབྱངས་སུ་བསྒྱུར། །
མི་རྟག་སྟོན་པ་ཐོས་པ་དགའ་བ་དྲན། །

༣༠
ཧཱུཾ་དང་ཕཊ་ཀྱིས་མེ་འོད་མཚོན་ཆ་འཕྲོས། །
བུ་དང་བག་མ་ཕྱི་མའི་ཡུལ་དུ་གྱར། །
མདོ་མེད་ལ་ལ་བར་དོའི་འཕྲང་དུ་བསྐྱལ། །
གངས་རིའི་མཐུ་ཆེན་ཐོས་པ་དགའ་བ་དྲན། །

༣༡
སེར་བ་ཕབ་ནས་ལོ་ཏོག་བྲོ་ཡིས་བརྡུངས། །
ཁང་པ་སློག་ནས་མི་རྟ་ཁྲག་ལ་བསྒྱུར། །
ས་ཆེན་གུང་ཐང་སྣོད་བཅུད་རླུང་གིས་སྐྱོམ། །
མཐུ་ཆེན་དཔའ་བརྟུལ་ཐོས་པ་དགའ་བ་དྲན། །

༣༢
དམ་ཅན་སྲུང་མ་སྔགས་ཀྱིས་མགྲོན་དུ་བོས། །
སེར་བས་རི་ལུང་ཐམས་ཅད་གྲོག་རོང་བསྒྱུར། །
ཆར་རླུང་ཆེན་པོས་སྨུག་པ་བན་བུན་གཡོས། །
གུང་ཐང་མཐུ་ཆེན་ཐོས་པ་དགའ་བ་དྲན། །

༣༣
དགྲ་བོའི་དོན་སྙིང་དམར་ནག་ཙ་རེ་ཁྱེར། །
ཕ་ཡུལ་གུང་ཐང་མྱ་ངམ་ཐང་དུ་བསྒྱུར། །
དཔའ་གདིང་ཡིད་ཁམས་མཚོ་མོ་རབ་ཏུ་འཁྲུགས། །
མྱང་ཚའི་བུ་རྒོད་ཐོས་པ་དགའ་བ་དྲན། །

༣༤
སྲོག་གཅོད་ལས་ལ་འགྱོད་པའི་མཆི་མ་ཤོར། །
རོང་སྟོན་ལྷ་དགའི་མདུན་དུ་ལམ་ལ་ཆས། །
རྫོགས་པ་ཆེན་པོའི་མན་ངག་གཞི་ལམ་འབྲས། །
སྟོན་ཀྱང་རྒྱུད་ལ་ཉམས་དང་རྟོགས་མ་སྐྱེས། །

༣༥
རོང་སྟོན་ཆོས་ཀྱི་ཕན་ཐོག་མ་བྱུང་ཞིང་། །
ལྷོ་བྲག་གྲོ་བོ་ལུང་གི་ལོ་ཙཱ་བ། །
མར་སྟོན་རྡོ་རྗེ་འཆང་གི་མཚན་ཐོས་པས། །
དད་པའི་སྤུ་ལོང་སྤྱན་ཆབ་དབང་མེད་ཤོར། །

༣༦
དགའ་བའི་འཛུམ་གྱི་ཁེངས་ཤིང་ལམ་དུ་ཞུགས། །
སྤྲོ་བའི་གླུ་ཆུང་སྦྲང་མའི་རྟ་ལ་འགྲོགས། །
གནས་མཆོག་ལྷོ་བྲག་ལུང་པའི་མདའ་སྒོ་ལ། །
མར་སྟོན་རྡོ་རྗེ་འཆང་ཆེན་ཡང་ཡང་བཙལ། །

༣༧
མར་པའི་མནལ་ལམ་ནཱ་རོ་པཎ་ཆེན་མཇལ། །
གསེར་གྱི་རྡོ་རྗེ་རིན་ཆེན་བུམ་པ་གནང་། །
རྡོ་རྗེར་དྲི་མས་ཅུང་ཙམ་གོས་པ་ཡི། །
བུམ་པའི་བདུད་རྩིས་དྲི་མ་བཀྲུས་ཤིག་སྩལ། །

༣༨
ཉི་མ་ནུབ་རིར་བདས་པའི་མཚན་ལམ་དུ། །
མར་སྟོན་ཇོ་མོར་གཞོན་ནུ་མཛེས་མ་གཉིས། །
རྨི་ལམ་ནང་དུ་མཆོད་རྟེན་དཀར་ཆུང་ཞིག །
ཁྲུས་བྱས་འོད་ཆེན་འཕྲོ་བའི་མཚན་མ་བྱུང་། །

༣༩
མར་སྟོན་བླ་མས་ཞིང་ཁར་ཕྲུ་རུ་སློག །
མགྲོན་པོ་བསུ་ཆེད་ཆང་དེམ་གྲ་སྒྲིག་བྱས། །
སྐལ་ལྡན་ཐོས་པ་དགའ་ཡི་ཡོང་ལམ་ལ། །
བརྩེ་བའི་ཟུར་མིག་ལན་དུ་ཡང་ཡང་འཕངས། །

༤༠
ལུག་རྫི་ནོར་རྫི་འཕྲད་པའི་ལམ་ཁ་རུ། །
རྣམ་འབྱོར་ཆེན་པོ་མར་པ་ལོ་ཙཱ་བ། །
མཚན་འདི་ཡང་ཡང་དྲིས་པས་ལན་དུ་ཡང་། །
མི་གཅིག་དྲིས་ལན་ཐ་དད་མང་དུ་བཤད། །

༤༡
གཞུག་མར་དར་མ་མདོ་སྡེ་དང་འཕྲད་ནས། །
མར་པ་ལོ་ཙཱའི་མདུན་དུ་བཅར་བར་ཁྲིད། །
བླ་མའི་ཆང་དང་འཕྲུ་སློག་ཚར་བའི་རྗེས། །
བླ་མ་མཇལ་དུ་ཁྲིད་ཅེས་གདམས་པ་ཐོབ། །

༤༢
སྡིག་ཆེན་འགྱོད་གདུང་མེ་ལྕེ་འབར་བཞིན་དུ། །
རྗེ་བཙུན་དམ་པ་མར་སྟོན་རྡོ་རྗེ་འཆང་། །
ཉེ་བར་བཅར་ནས་སྒོ་གསུམ་དྲུང་དུ་ཕུལ། །
ཐར་ལམ་སྟོན་པའི་རེ་སྨོན་མང་ཙམ་བྱས། །

༤༣
ཨ་ཕོ་མཐུ་ཆེན་དགའ་སྤྲོའི་འཛུམ་མུལ་གྱིས། །
དར་མ་མདོ་སྡེའི་མཁར་བཟང་བརྩིག་འགྱུར་ན། །
གདམས་ངག་སྦྲང་ཆར་དབབ་ལ་མི་ངལ་བར། །
ཅི་དགོས་གནང་ཞེས་གསུང་དབྱངས་ཟབ་མོ་ཐོབ། །

༤༤
སྤྲིན་ཚོགས་འཇའ་གུར་འཐིབ་པའི་ཤར་ཕྱོགས་དང་། །
ནུབ་སྤྲིན་དམར་མདངས་ལྷོག་ལྷོག་འཕྱུར་བའི་གནས། །
མཁར་བཟང་ཟླུམ་པོར་བརྩིགས་པའི་བསྐུལ་མ་ཡིས། །
མཐུ་ཆེན་ཐོས་པ་དགའ་ཡི་སེམས་རྩ་འཁྲུགས། །

༤༥
ལུས་པོའི་སྒལ་ཚིགས་རྣག་ཁྲག་གསོག་ན་ཡང་། །
ཨ་མ་བདག་མེད་དཔང་པོར་བྱས་ཀྱང་རུང་། །
མར་སྟོན་བླ་མའི་བཀའ་ཆད་བཙན་པོ་ཡིས། །
སྐལ་ལྡན་ཐོས་པ་དགའ་ཡི་ཨོང་འདོ་བུག །

༤༦
དབང་ཡོན་མ་རྙེད་མཆི་མ་པང་དུ་འཛག །
དབང་གྲལ་ཕུད་ནས་མི་ཡི་ངོ་ཚ་ཉོས། །
ཡིད་མུག་སྐྱོ་བའི་དབུ་ལོ་རབ་ཏུ་དུད། །
བརྩོན་པ་སླར་ཡང་བསྐྱེད་ལ་གཟི་བྱིན་འབར། །

༤༧
སྒལ་མིག་གསུམ་ནས་ཁྲག་གི་ཨུཏྤལ་ཆགས། །
ལག་པའི་ཤ་སེན་མེ་ཏོག་འདབ་མ་གས། །
ཚུལ་འཆོས་མིན་པའི་སྐྱེས་མཆོག་ཐོས་པ་དགའ། །
བླ་མའི་བཀའ་སྲུང་བརྩི་ལ་དད་པ་བརྟན། །

༤༨
དགའ་བའི་འཚོ་བ་གླུ་དང་ཆང་གིས་བསྐྱལ། །
སྡུག་གི་ལོ་ལ་མིག་ཆུ་མཚོ་མོ་འཁྱིལ། །
སྐྱིད་སྡུག་ཉིན་སྲིབ་གཉིས་ཀྱི་སོ་ཁ་ནས། །
སྡུག་ཐོབ་དཔའ་ཐུལ་ཐོས་པ་དགའ་བ་དྲན། །

༤༩
སྐྱོ་ནས་རལ་གྲི་སྔོ་ལྷེབ་བྲང་ལ་ཚད། །
ཨ་མ་བདག་མེད་ལྷན་དུ་སྐྱོ་ཆབ་ལྷུང་། །
མར་སྟོན་བླ་མའི་ཕྱག་གི་ཕ་འབབ་ཀྱིས། །
གནམ་ས་གས་པའི་སྙིང་ལ་སྐར་ཚོགས་ཤར། །

༥༠
མར་པ་ཆང་གིས་མྱོས་ནས་གཉིད་དུ་ཡོལ། །
མི་ལས་ནཱ་རོའི་སྐུ་རྒྱན་བརྐུས་ནས་བྲོས། །
ཕྱག་ཐམ་ལ་སོགས་དཔང་པོར་བྱས་པ་ཡིས། །
བུ་ཆེན་རྔོག་པ་ཡིད་རབ་གཏིང་ནས་དགའ། །

༥༡
སེམས་པ་གདིང་ནས་བརྣང་བའི་ཉིན་མོ་ལ། །
སླར་ཡང་ལྕེབས་པའི་རང་ཐག་རང་གིས་བཅད། །
ཡིད་ཆད་ལན་དགུ་གཏོང་བའི་ཐབས་ཇུས་ཀྱིས། །
ལྷག་མེད་མྱང་འདས་རྒྱལ་བའི་གོ་འཕང་བསྐྱལ། །

༥༢
ཨ་མ་བདག་མེད་བརྩེ་བ་ཆེན་པོ་ཡིས། །
ཉམ་ཆུང་ཐོས་པ་དགའ་བ་བྱམས་ཀྱིས་བསྐྱངས། །
ཅུང་ཙམ་ལུས་ལ་ལྷག་པའི་སྡིག་སྒྲིབ་དག །
བདག་མེད་མ་ཡི་ལན་ཞེས་བླ་མས་གསུངས། །

༥༣
མར་སྟོན་ཆོས་ཀྱི་བློ་གྲོས་རྒྱལ་པོའི་འགྲམ། །
ལུས་ཀྱིས་ངལ་ཆེན་ལྕི་མོ་བླངས་པའི་མཐར། །
དགའ་བའི་མདངས་ཀྱི་ཕྱུག་པའི་ཚོགས་དཀྱིལ་དུ། །
སྙིང་དང་འདྲ་བའི་གདམས་ངག་གནང་ཞེས་གསུངས། །

༥༤
སྐྱོ་བའི་འཇའ་ཚོན་སྣ་ལྔ་རླུང་གིས་བདས། །
དགའ་བའི་མེ་ཏོག་འདབ་མ་ཕྱོགས་སུ་རྒྱས། །
གནག་སྣུམ་རྒྱ་ལྕང་ལོ་མ་སྤུ་གྲིས་བཞར། །
གསང་མཚན་བཞད་པ་རྡོ་རྗེ་སྙིང་ལ་བྲིས། །

༥༥
མཁར་བཞི་ཡང་ཡང་བརྩིགས་པའི་ངལ་བ་དེ། །
འབྱུང་བཞི་ཕྲིན་ལས་བཞི་ཡི་མཚོན་པའི་བརྡ། །
བླ་མའི་ངག་བཞིན་དཀའ་བ་སྤྱད་པ་ཡིས། །
སྔོན་བྱས་སྡིག་པ་བྱང་བའི་དན་རྟགས་ཡིན། །

༥༦
གཅིག་པུར་སྒོམ་ལ་སྤྲོ་བའི་ཐོས་པ་དགའ། །
ལྷོ་བྲག་སྟག་ཉའི་བྲག་ལ་ཡུན་རིང་བསྒོམས། །
ལུས་དང་རྣམ་ཤེས་རྟེན་འབྲེལ་བཅུ་གཉིས་ཀྱིས། །
བསགས་པའི་མ་དག་ལས་ཅན་ཉིད་དུ་གོ །

༥༧
མེ་འོབས་ལྟ་བུ་འཁོར་བའི་བཙོན་ར་ནས། །
ཐར་འདོད་བློ་གྲོས་མཚོ་མོ་རབ་ཏུ་རྒྱས། །
ཕུང་སོགས་གྲུབ་པ་མེད་པར་ཡུན་བསྒོམས་པས། །
བདག་མེད་རྟོགས་པའི་རིག་ལམ་རྩལ་དུ་རྫོགས། །

༥༨
རྗེ་བཙུན་བཞད་པ་རྡོ་རྗེའི་མནལ་ལམ་དུ། །
འཛམ་གླིང་བྱང་ཕྱོགས་ཁ་བ་ཅན་གྱི་ཡུལ། །
ས་འཛིན་དཀར་པོ་བརྗིད་པའི་ཉམས་ལྡན་ཞིང་། །
རྩེ་མོ་དགུང་ལ་ཟུག་པའི་རྨི་ལྟས་བྱུང་། །

༥༩
གངས་དཀར་རི་བོའི་རྩེ་ལ་ཉི་ཟླ་ཟུང་། །
གླིང་བཞིའི་ཁྱོན་ལ་ཁྱབ་པའི་གཟི་འོད་འབར། །
ཕྱོགས་བཞིར་ཀ་བཞིས་ནམ་མཁའ་གྱེན་དུ་བཏེགས། །
བཀའ་བརྒྱུད་བསྟན་པ་ཕྱོགས་མཐར་རྒྱས་པ་ཡིན། །

༦༠

ཤར་དུ་སེང་གེ་དཀར་མོའི་རལ་བ་ངོམ། །
ལྷོ་རུ་སྟག་མོའི་འཛུམ་དྲུག་སྡེར་མོ་བགྲད། །
ནུབ་ཏུ་ཁྱུང་ཆེན་གཤོག་རྩལ་མཁའ་ལ་རྒྱས། །
བྱང་དུ་རྒོད་པོ་བུ་ཁྲིད་ཀླད་ལ་ལྡིང་། །

༦༡
རྗེ་བཙུན་མར་སྟོན་རྡོ་རྗེ་འཆང་ཆེན་གྱིས། །
མཻ་ཏྲིའི་དབུ་ཞྭ་ནཱ་རོའི་ན་བཟའ་སོགས། །
གཅེས་པའི་བུ་ལ་ཡོངས་སུ་ལེགས་ཕུལ་ནས། །
མི་མེད་དབེན་པར་འགྲིམ་པའི་བརྡ་ཡིག་ཕུལ། །

༦༢
རྗེ་བཙུན་བཞད་པ་རྡོ་རྗེའི་མནལ་ལམ་དུ། །
ཡུམ་ཆེན་མྱང་ཚ་དཀར་རྒྱན་དྲན་པ་ཡིས། །
སྐྱོ་བའི་སྤྱན་ཆབ་རིང་མོ་བཞུར་བཞུར་ནས། །
ཕུག་པའི་སྒོ་ཆུང་རྩིག་པ་བཤིག་དགོས་བྱུང་། །

༦༣
བླ་མ་མནལ་དུ་སོང་བའི་ཞོགས་པ་དེར། །
རྗེ་བཙུན་བཞད་པ་རྡོ་རྗེ་ཤག་ཏུ་ཕེབས། །
བླ་མ་མནལ་དུ་སོང་བའི་མཚན་མ་ཡིས། །
ཕྱིས་སུ་ཕ་བུ་ངོ་འཕྲད་མེད་ཅེས་གསུངས། །

༦༤
གུང་གི་མཁའ་ལ་ཉི་མ་ཤར་བ་འདི། །
བསྟན་པ་ཉིན་མོར་བྱེད་པའི་བརྡ་རྟགས་ཡིན། །
གྲུབ་ཐོབ་སྣོད་ལྡན་སློབ་མའི་ཚོགས་རྣམས་ལ། །
འབྱོར་བ་མེད་ཀྱང་གདམས་ངག་སྟོན་ཅེས་བསྐུལ། །

༦༥
རྨི་ལམ་སྒྱུ་མ་ལྟ་བུའི་མི་ཚེ་ལ། །
ཡིད་རྟོན་མེད་ཅེས་གདམས་པ་ཟབ་མོ་སྩལ། །
འདུས་འབྲལ་མི་རྟག་རྩྭ་ཁའི་ཟིལ་བ་ལ། །
སྐྱོ་ཆབ་རིང་མོ་རང་རང་ས་ནས་ཕབ། །

༦༦
མར་སྟོན་བླ་མའི་བཀའ་དོན་གཞུག་མ་ལ། །
གངས་དང་ནགས་ཁྲོད་གཅིག་པུར་སྒོམས་ཤིག་གསུངས། །
ཨ་མ་བདག་མེད་ལྷ་མོའི་སྤྱན་ཆབ་ལྷན། །
ཕྱི་མ་མཁའ་སྤྱོད་ཞིང་དུ་མཇལ་ཡོང་གསུངས། །

༦༧
ཞེན་ཆགས་མཚོ་མོ་འཁྱིལ་སའི་ལྷོ་བྲག་ནས། །
ཕྱི་མིག་ལན་མང་འཕེན་ནས་ལམ་དུ་ཞུགས། །
ཡབ་ཡུམ་སོགས་ཀྱིས་རྒྱབ་ནས་སྐྱེལ་མ་བྱས། །
ཡི་དམ་སྲུང་མས་སྔུན་ནས་བསུ་མ་བྱས། །

༦༨
ལ་དང་ལ་མོ་བརྒལ་ནས་ཕ་ཡུལ་དུ། །
རྨི་ལམ་ཇི་བཞིན་སྐྱ་རྔ་རྩྭ་རུ་སླེབས། །
ཀ་བཞི་གདུང་བརྒྱད་ཞིག་ཤུལ་བྱེའུ་ཚང་བཅས། །
སྒྱུ་མའི་མི་རྟག་སློབ་དཔོན་དཔེ་ཞིག་མཐོང་། །

༦༩
རུས་ཀྲང་ས་ལ་འཐོར་བའི་ཁང་ཉིལ་དུ། །
དྲིན་ཆེན་མ་རྒན་དྲན་པའི་གདུང་བས་བཟི། །
མི་རྟོག་ཏིང་འཛིན་ཞག་བདུན་སྒྲུབ་པ་ཡིས། །
མ་ལོ་འཁོར་བའི་སྡུག་བསྔལ་གྲོལ་བར་མཐོང་། །

༧༠
འཁོར་བའི་ཆོས་ལ་སྙིང་པོ་མེད་གཟིགས་ནས། །
མི་མེད་དབེན་པའི་རི་ལ་ཉེ་བར་བཅར། །
རི་དང་ན་བུན་མཛེས་པའི་གོས་སུ་གྱོན། །
གྲུབ་པའི་དབང་ཕྱུག་རྗེ་བཙུན་ཐོས་པ་དགའ། །

༧༡
འབྲོག་པའི་རྩྭ་ཐང་ནང་དུ་ཞབས་ཟུང་བཀྱགས། །
བགྲེས་དཀར་ཨ་ནེས་ཁྱི་རྒན་གློད་ནས་བཏང་། །
ཞེ་འཁོན་སེམས་སུ་ཟབ་པའི་རྒས་མོ་ཡིས། །
དབྱུག་པས་བྲབ་ནས་སེམས་ཀྱི་ངལ་བ་སེལ། །

༧༢
གྲོང་དང་གྲོང་པའི་སྲང་དུ་སོང་སོང་ནས། །
སེམས་ནག་ཨ་ཁུ་རྒས་པོ་གདོང་ཐུག་བརྒྱབ། །
མདའ་གྲི་མདུང་གསུམ་ཆར་བ་ཕབ་ན་ཡང་། །
བཞད་པ་རྡོ་རྗེ་འཇའ་སྣེའི་མདངས་སུ་འགྲོགས། །

༧༣
སྔོན་གྱི་སྐྱོ་ལམ་རིང་མོ་སུག་པས་བསུབ། །
མི་རྟག་འཇའ་ཚོན་སྣ་མང་ཡིད་ལ་འཁོར། །
མི་མེད་དབེན་པའི་བྲག་དཀར་རྟ་སོ་རྩེར། །
སེམས་པ་སེམས་ལ་སྦྱར་ནས་ཉེ་བར་བཅར། །

༧༤
བླ་མ་དྲན་ནས་སྤྱན་མཐར་མཆི་མ་འཁོར། །
སྒྲུབ་པ་དྲན་ནས་རྒྱབ་ཤ་བྲག་ལ་གཏད། །
མི་རྟག་བསམས་ནས་ཨོང་འདོའི་ཤ་ཡང་རལ། །
དཀའ་སྤྱད་ཟབ་མོ་སྙིང་གི་དཀྱིལ་དུ་བླངས། །

༧༥
ཟྭ་ཚོད་ལོ་མ་བརྟེན་ནས་ཉམས་ལེན་བྱས། །
ལུས་པོའི་ཤ་ཡང་སྐམ་ནས་ཀེང་རུས་གྱུར། །
སྔོན་བྱོན་གོང་མའི་ཤུལ་ལམ་རིང་མོ་ནས། །
གྲུབ་པའི་རྒྱལ་སར་འཛིན་ལ་ཕྱག་འཚལ་ལོ། །

༧༦
རྗེ་བཙུན་བླ་མ་མར་སྟོན་རྡོ་རྗེ་འཆང་། །
སྙན་པའི་དབྱངས་དང་མགུར་གྱི་སྣེ་ལ་དྲངས། །
རི་དང་ནགས་སུ་སྒོམ་པའི་སྤྲང་འཁྱམ་པ། །
གུང་ཐང་བཞད་པ་རྡོ་རྗེ་ལ་ཕྱག་འཚལ། །

༧༧
བྱ་དང་རི་དྭགས་ཕན་ཚུན་བརྩེ་དགའ་རོལ། །
བྲག་ཕུག་མཐའ་རུ་སྨུག་པ་བན་བུན་འཁྱིལ། །
ནང་དུ་སྒོམ་ཆེན་སྔོ་སྐྱ་གྲུབ་པའི་དབང་། །
སྟོང་ཉིད་ཉམས་རྟོགས་འཕེལ་ལ་ཕྱག་འཚལ་ལོ། །

༧༨
རྐུ་མས་བྲག་ཕུག་ཕྱི་ནང་ཡོངས་སུ་བསློགས། །
གནམ་ལ་བཀྱགས་ཤིང་ས་ལ་ཡང་ཡང་བརྡབས། །
དགྲ་གཉེན་མ་ལུས་བཟོད་པའི་གོ་ཆ་སྤྲས། །
རྗེ་བཙུན་བཞད་པ་རྡོ་རྗེ་ལ་ཕྱག་འཚལ། །

༧༩
ཤྭ་བ་ཁེར་འགྲོ་ཁྱོད་ཀྱི་གྲོགས་སུ་བསྟེན། །
ཅོ་ཀའི་སྙན་དབྱངས་སེམས་ཀྱི་ཟས་སུ་གྱུར། །
པྲ་དང་སྤྲེལ་འུས་ཕྱག་ཟུང་མེ་ཏོག་ཟུམ། །
དོན་བརྒྱུད་བསྟན་པའི་བདག་པོ་ལ་ཕྱག་འཚལ། །

༨༠
སེམས་མེད་ལྗོན་བཟང་མགོ་བོ་ལན་གསུམ་བསྙེན། །
མཚན་བཟང་མེ་ཏོག་འཕགས་པའི་ཡུལ་དུ་ཁྱབ། །
སྣ་ཚོགས་སྤྲུལ་ལ་དབང་འབྱོར་ཐོས་པ་དགའ། །
གྲུབ་པའི་ས་ཆེན་གཤགས་ལ་ཕྱག་འཚལ་ལོ། །

༨༡
སྨིན་འཁྱུག་གྲིབ་མའི་རྫོང་རྩེར་ཕར་འཕུར་ཅིང་། །
རེས་འགའ་བྲག་དཀར་རྟ་སོའི་རྩེ་ལ་འཕུར། །
བྱ་རྒྱལ་རྒོད་པོ་བཞིན་དུ་རྩལ་རྫོགས་པའི། །
གངས་ཅན་གྲུབ་པའི་དབང་ཕྱུག་ཐོས་པ་དགའ། །

༨༢
སོ་སྐྱེའི་སྣང་བ་ཐོགས་པའི་གཞོན་ནུ་མས། །
མི་འདོད་དྲི་ཁ་ལྡང་བའི་དོགས་སྣང་གིས། །
ཕུར་ཐུང་ཁ་སྣ་འགེབ་པའི་ལོ་རྒྱུས་འདི། །
གུང་ཐང་རས་པ་ཁྱེད་ལ་འཚམ་པོ་མིན། །

༨༣
གནས་མཆོག་ལ་ཕྱི་ལྷ་ཡི་ཞིང་བཀོད་དུ། །
བཞད་པ་རྡོ་རྗེ་སྙིང་གི་པད་དཀར་བྱེ། །
ཡོལ་མོ་གངས་ར་ཕུག་གི་རྗེ་བཙུན་པ། །
ཚེ་གཅིག་གྲུབ་པ་བརྙེས་ལ་ཕྱག་འཚལ་ལོ། །

༨༤
མི་མེད་དབེན་པའི་བྲག་གི་དགྲ་མཁར་དུ། །
མི་ཚེའི་ལོ་ཟླ་རིང་མོ་བསྐྱལ་བྱས་ནས། །
གནས་ལུགས་རང་རིག་ཡེ་ཤེས་ངོ་འཕྲོད་པའི། །
དོན་བརྒྱུད་བདག་པོ་ཁྱེད་ལ་ཕྱག་འཚལ་ལོ། །

༨༥
སྙན་གྲགས་བ་དན་གླིང་བཞིའི་ཁྱོན་ལ་ཁྱབ། །
ཐུགས་སྲས་མཉམ་མེད་དྭགས་པོ་ལྷ་རྗེ་སོགས། །
གྲུབ་ཆེན་སྐར་ཚོགས་བཞིན་གྱི་སློབ་དཔོན་ཁྱེད། །
ཚེ་གཅིག་མངོན་སངས་རྒྱས་ལ་ཕྱག་འཚལ་ལོ། །

༨༦
དགེ་བཤེས་རྩག་ཕུ་པ་ཡི་བཞེད་དོན་སླད། །
དུག་སྦྲང་འོ་ཞོ་ཞིམ་པའི་ཟས་སུ་རོལ། །
ཞུམ་མེད་དཔའ་གདིང་སྙིང་ཁམས་ལྕགས་རི་པ། །
གུང་ཐང་རས་པ་ཁྱེད་ལ་ཕྱག་འཚལ་ལོ། །

༨༧
འཇའ་སྤྲིན་སྣ་ལྔའི་ཚོན་གྱིས་གུར་ཁྱིམ་ཕུབ། །
སྐལ་ལྡན་སྐྱེ་བོའི་ཚོགས་ལ་ཆོས་སྦྱིན་སྩལ། །
ཟབ་གནད་རིན་ཆེན་ནོར་མཛོད་དཔལ་དུ་གཏམས། །
མར་སྟོན་བླ་མའི་ཐུགས་སྲས་ལ་ཕྱག་འཚལ། །

༨༨
ཟབ་མོའི་དཀའ་བ་ཆེན་པོ་ལུས་ལ་བརྩེགས། །
འཇིགས་མེད་སེམས་ཀྱིས་ཐར་པའི་ལམ་བཟང་བསྒྲུབས། །
གངས་ཅན་གྲུབ་བརྒྱའི་གཙུག་ནོར་གུང་ཐང་པ། །
ཡང་ནས་ཡང་དུ་དད་གསུམ་མེ་ཏོག་སྤྲིངས། །

༨༩
ཚིག་གིས་རྒྱུ་མ་ཕུ་འདེད་མ་བྱས་ཤིང་། །
དོན་གྱི་གནས་ལུགས་རི་མོ་སེམས་ནས་མཇལ། །
ཚུལ་འཆོས་སྨྱོན་པའི་བྲོ་གར་རིང་དོར་ནས། །
ཡང་ཟབ་བསྟན་པ་སྤེལ་ལ་ཕྱག་འཚལ་ལོ། །

༩༠
ཁྱིམ་ནས་རིང་དུ་གངས་རིའི་རྩེ་ལ་བསྙེགས། །
ཨོང་ཤ་རྡོ་གཅལ་སྔོན་མོའི་སྟེང་ལ་བཅར། །
སྤྱན་ཟུང་ཆོས་བརྒྱད་གྲོང་ལ་མ་གཟིགས་པར། །
རང་གསལ་རྗེན་པར་ཤར་ལ་ཕྱག་འཚལ་ལོ། །

༩༡
ཚུལ་གསུམ་རྫུ་བག་གཡའ་ཡི་མ་གོས་པར། །
རྟོག་གེ་ངན་པའི་ས་ལམ་མ་བསྙེགས་པའི། །
དོན་དམ་གནས་ལུགས་རྗེན་པའི་བཞིན་རས་ལ། །
པདྨའི་མདངས་བཟང་རྒྱས་པར་ཕྱག་འཚལ་ལོ། །

༩༢
མཐའ་འཛིན་བུད་ཤིང་མེ་ལྕེའི་དཔུང་གིས་བསྲེགས། །
བདག་དང་བདག་གིར་ཅི་ཡང་མ་རྙེད་པའི། །
དོར་མ་རས་རྐྱང་དཀར་པོའི་ན་བཟའ་ཅན། །
དོན་བརྒྱུད་རྟོགས་པ་འཕོ་བར་བྱིན་གྱིས་རློབས། །

༩༣
ཤེས་བྱའི་གཤིས་ལ་མཁྱེན་རབ་མེ་ཏོག་བཞད། །
བྱམས་བརྩེའི་སྦྲང་ཆར་སིལ་མ་འགྲོ་ལ་འཇོ། །
གཉིས་མེད་རང་རིག་མངོན་སུམ་གསལ་བྱེད་པ། །
མི་འབྲལ་ཐུགས་རྗེས་སྐྱོང་བར་བྱིན་གྱིས་རློབས། །

༩༤
ཕལ་བའི་བྱ་བར་ཐུགས་ཡིད་མ་ཚིམས་ཤིང་། །
ངེས་དོན་སྙིང་པོ་འཚོལ་ལ་དཀའ་བ་བརྩིགས། །
ཞེ་ལ་ཐོགས་པའི་ཕ་ས་ཕ་ཡུལ་སོགས། །
ཅི་མི་སྙམ་པར་བགྱིད་ལ་ཕྱག་འཚལ་ལོ། །

༩༥
བྱ་བཏང་མི་ཚེ་དབེན་པའི་གནས་སུ་བསྐྱལ། །
བསྟོད་སྨད་གྲོང་ཁྱེར་དག་ལ་སུན་སྣང་བྱས། །
གངས་ཅན་རས་པ་ཀུན་གྱི་འགོ་མ་པ། །
མཚུངས་མེད་ཐོས་པ་དགའ་ལ་ཕྱག་འཚལ་ལོ། །

༩༦
མཐའ་ཐུག་བདེ་ཆེན་སེམས་ཀྱི་དབྱིངས་སུ་བཞད། །
ངེས་མེད་ཕུག་པ་ཅི་དགར་སྒོམ་དུ་གནས། །
བརྗོད་བྲལ་གནས་ལུགས་རྩལ་ཁ་རབ་རྫོགས་པའི། །
སེམས་ཀྱི་ཕྱག་ཆེན་པ་ལ་ཕྱག་འཚལ་ལོ། །

༩༧
རྡོ་བ་ལེབ་མོ་འཕོངས་ཀྱི་གདན་དུ་བྱས། །
ཡིག་འབྲུ་ནག་ཆུང་རིག་པའི་ངང་དུ་ཐིམ། །
དུས་གསུམ་གསལ་གཟིགས་གུང་ཐང་ཐོས་པ་དགའ། །
ཚེ་རབས་ཕྲེང་བའི་བར་དུ་ཕྱག་འཚལ་ལོ། །

༩༨
བླ་མ་ལ་བསྟེན་གདམས་པ་གཅིག་ཏུ་མནོས། །
སྐུ་ལུས་གཅིག་ལ་ཞི་ཁྲོ་འགལ་མེད་བསྒྲུབས། །
སེམས་ཀྱི་སྤྱི་མེས་གུང་ཐང་རས་པ་ལ། །
ཡང་ཡང་དད་པའི་མེ་ཏོག་ཅི་ཡང་བྲིམ། །

༩༩
སྒྱུ་མའི་ཞིང་ལ་ཞེན་པ་ལྡོག་པར་བྱས། །
དག་པའི་ཞིང་མཆོག་ངལ་བ་ཆེན་པོས་བསྒྲུབས། །
ཚེ་གཅིག་མངོན་སངས་རྒྱས་པའི་གུང་ཐང་པ། །
སྒྱུ་མའི་གྲོང་ནས་ཁྱེད་ལ་ཕྱག་འཚལ་ལོ། །

༡༠༠
སྐུ་གསུམ་བརྗིད་པའི་གངས་རིའི་མདངས་བཟང་ལ། །
སྐྱེ་དང་ཚེ་རབས་ཀུན་ཏུ་བདག་ཕྱག་འཚལ། །
མི་ཕྱེད་དད་པའི་སྟོབས་ཀྱི་དགེ་བ་ཡིས། །
དུས་ཀུན་ཤིས་པའི་ལེགས་བྱས་རྒྱལ་གྱུར་ཅིག །

ཅེས་པ་འདི། ༢༠༢༡/༥/༢༨ ཉིན་གཟའ་སྐར་འཕྲོད་སྦྱོར་བཟང་བའི་ཉིན་མོར་མདོ་ཁམས་ཆུ་བཞི་སྒང་དྲུག་གི་ཡ་གྱལ་ལྷོ་ངོ་མཚར་ཅན་ཚ་བ་སྒང་དུ་མཇུག་གྲུབ་པར་བགྱིས་སོ། །

Be the first to comment

Leave a Reply

Your email address will not be published.


*