ལུས་དྲི་ཞིམ་པོ་ཞིག་ལ།

                        ཚུལ་བཟང་། མཚོ་སྔོན།

རྩྭ་ལོ་མི་འགུལ་དལ་གཅིག་སྡོད་པའི་རིང་། །
ཤུགས་རིང་འབྱིན་པའི་ཁ་རླངས་མི་མཐོང་པ། །
འཇམ་ལ་སྣུམ་འོད་འཁྱིལ་བའི་མེ་ཏོག་ཅིག །
ལག་པས་དམ་པོར་འཆང་འདོད་ཆེ་བས་སོ། །

ཆུ་མོ་མི་སྡོད་བཞུར་ནས་འགྲོ་བཞིན་དུ། །
སྡུག་པའི་དབྱངས་རྟ་འཐེན་པ་མི་ཐོས་པ། །
ཡུལ་ལ་ཞེན་ཆགས་ལྡོག་ཏུ་མེད་པའི་རྐྱེན། །
སུ་ཡི་རྣ་བ་དཀྲོག་འདོད་མེད་པས་སོ། །

ཤར་ནུབ་བགྲོད་ལམ་འདེད་པའི་ཟླ་བ་ཁྱོད། །
དགུ་བའི་ཟླ་མཇུག་འདི་ནས་མི་འཆར་དོན། །
སྐྱེ་འགྲོ་གྲངས་མང་འཁྲི་བའི་བག་ཆགས་ཀུན། །
བསྐྱུར་ནས་ཞི་བར་གཟིམས་པ་ཨེ་ཡིན་ནམ། །

དེ་མིན་འབྲོག་སྡེ་བཞག་པའི་བུད་མེད་དེ། །
ཁྲ་ཆུང་མིག་གིས་ཡུན་རིང་འཚོས་ཏེ་མཐར། །
བྱེའུ་ཕྲུག་འཕུར་ལམ་རྙེད་པ་ཇི་ལྟ་བུར། །
ཡུལ་ཕྱོགས་གཞན་དུ་གྱར་འདོད་ཡིན་པ་འདྲ། །

རེད་དེ་ཐག་རིང་གན་ནས་སུ་ཞིག་གིས། །
སེམས་ཀྱི་ལག་པས་དམ་པོར་བཅངས་ཏེ་སླར། །
མིག་གཉིས་ཕྱེས་ནས་ནམ་ཡང་བལྟ་འདོད་ཅེས། །
ངུད་མོ་བཏང་བའི་ངག་དེ་བརྗེད་ཐབས་བྲལ། །

སྒོ་འགྲམ་དེ་རུ་གཞན་དག་སུ་ཡང་མེད། །
དབེན་འཇགས་ནགས་ཀློང་ཇི་བཞིན་ཡངས་པ་ན། །
ཇི་ལྟར་གདུང་བའི་སེམས་པ་མི་འགོག་པར། །
ལན་གཅིག་སྐྱིད་པའི་རྨི་ལམ་ཅིས་མི་གཏོང་། །

ཡིན་ཡང་བཞིན་རས་སྐྱོ་ཞིང་དུབ་པའི་ནང་། །
ད་དུང་མཛེས་སྡུག་ཁྱེར་བའི་སྐྱེས་མ་ཞིག །
ལྷོད་ཀྱིས་ཚུར་ལ་ཡོང་བའི་རྣམ་འགྱུར་གྱིས། །
བློས་མི་ཆོད་པར་འཁྲེང་བའི་ཚུགས་ཀ་མཐོང་། །

རྡོ་བའི་ལག་པ་རེག་པའི་ཉམས་སྣང་དང་། །
སྐྱོ་གདུང་སྨུག་པ་རུམ་པའི་ན་བུན་བཅས། །
དྲན་ཤིང་ལྷག་མ་ཞིག་ཏུ་མི་འགྱུར་བའི། །
ངེས་པ་དེ་ཡང་ཚོད་འཛིན་སུ་ཡིས་བྱ། །

ལུས་དྲིའི་མེ་ཏོག་བགོས་པའི་སྲུང་འཁོར་ཞིག །
མགུལ་རྒྱན་སྤྲས་པའི་མཚན་མར་བསམ་པ་ན། །
མི་འདོར་ལས་ཀྱི་དར་སྐུད་བསྒྲིམ་དགོས་ཞེས། །
སེམས་ཀྱི་སྐད་ཆ་བཤད་པ་ཡིན་ངེས་སྙམ། །

དོ་ནུབ་སྡུག་བསྔལ་ཁ་བ་བབས་པ་འདྲ། །
མིན་ཡང་མྱ་ངན་ལྭ་བ་གྱོན་པ་འདྲ། །
མཚན་གུང་འདི་ཡི་བཞིན་རས་མ་ཡལ་གོང་། །
རྡོག་སྒྲ་འཇམ་པོ་ཞིག་གི་གསང་བ་ཐོས། །

ཡང་བསྐྱར་དྲི་ཞིམ་སྣུམ་པའི་རི་དྭགས་ཤིག །
ཆ་གཅིག་ལྷན་དུ་ལྷག་པའི་བརྙན་རིས་སུ། །
ཕབ་པའི་རོལ་གར་བལྟས་ཏེ་དལ་ཅིག་ལ། །
བསམ་བློ་བཏང་བའི་ངག་སྒོ་གྲོལ་བ་འོ། །

༢༠༢༡/༡༠/༣༡མཚན་གུང་ལ།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*