གཟི་ནག་པོ། དཀར་མཛེས།
དཔེ་དེབ་ཐར་ཐོར་གྱི་གསེབ་ཏུ་ཉུལ་བའི་སྨུག་པ་སྐྱ་བོ
རྩི་ཤིང་འཐུ་ཞོར་ཡན་ལག་གཅད་ཞོར་ལུས
རྨི་ལམ་གྱི་གཞུག་མས་མུན་ནག་ཏུ་དངུལ་ཆུ་མཆེད་པ་ལས
ལག་མཐིལ་དུ་རིན་ཆེན་གྱི་ཅ་དངོས་གང་ཡང་གཏེར་ཁ་མ་མཆིས
སྒོག་དྲི་བྲོ་བའི་སྐར་ཆ་རེར་ཐང་གཞུང་གིས་གྲིབ་སོ་གྱོན
ཉིན་མོར་དབྱར་རྩ་འཐུས མཚན་མོར་དགུན་འབུ་བསོག
རེ་བ་རི་རབ་ཅིག་འདུན་ཏེ་སྤྲིན་པའི་ཀྱོག་འཚམ་ལས་ཆར་ཆུ་བླང
དེ་ཡང་བདག་གི་ཉི་འོད་ཀྱི་གདོང་དུ་བྱར
རྒྱུན་པར་དུ་ཞག་གཟིམ་ལ་ཁད་དུ་མར་ཁུ་བླུགས
སྟག་རྒོད་ཀྱི་ཁ་ལས་ཐལ་བ་རེ་འདུན་གཅིག་ལས་གཞན
རྒྱལ་ཁ་ཐོབ་མིན་མི་ཤེས་པའི་མགོ་འཐོམ་པའི་བཟི་བོ
ལམ་སང་འཐག་པའི་རེ་བ་བྱས
གཡུལ་སའི་ཁ་གཏད་དུ་རུལ་བར་གྱུར་པའི་ཡིད་བརྙན
ལུས་ཀྱི་ཚིག་རྒྱན་སྐམ་སྟེ་དྲི་ངད་ལྡང
སེམས་ནད་པས་ལུས་ནད་པ་སྲོལ་འབྱེད་བྱས
ལུས་ནད་པ་གང་དུ་འབྲོའང
སེམས་ཀྱིས་གནམ་འཕང་མ་ཆོད་པའི་ཨུ་ཁུང་དུ
དངན་པའི་མེ་ལྕེ་ལས་འཁྱག་པའི་ཁངས་ཞོད་བསྐྱུག
སྐྱེ་འཆིའི་མིང་ཐོ་འགོད་པའི་ཨ་ཁུའི་ལག་དེབ་ཏུ
རང་གི་མིང་ཡིག་འགོད་ཡོད་པའང་སྣང་ཚོར་སྐྱེས
སྒྱུ་མའི་འཇིག་རྟེན་ལས་དུ་ཞག་འཁྱིལ་པའི་རྟ་ཕོ
སྲབ་ངར་མས་བཟུང་ཐབ་བྱས བཅུག་ཐབ་བྱས
བར་མེད་དུ་བྱེར་བའི་རྟ་མཆོག་གི་སྨེང་གླུ
ཉན་མཁན་མྱི་ཚོགས་ལས་ལྡོག་སྟེ་ཁང་སྟོང་གི་ནང་མ
རྙི་རུ་ཚུད་པའི་རྒྱུ་མ་མེད་པའི་ཆག་འཇིག
མཚན་མོའི་པང་ཁུད་ནས་ངུ་ཤམ་རྒྱག
ཡོལ་བ་དག་མེ་ཡིས་སྦར་གྲབས་བྱེད་སྐབས
གཙང་བོ་བར་མེད་བཞུར མེ་ཡིས་བར་མེད་བསད
རྣམ་རྟོག་གི་རྟ་ཕོ་རྐྱང་ལ་འདྲེས་པའི་མཚན་སྨད
ད་དུང་ཡང་ནག་པོ་ནག་རྐྱང་ཞིག་ཉུལ
ལོ་ཟླ་ལ་འགྱུར་ལྡོག་བྱུང་བས་གཉེར་རིས་གང་ཙམ་སོང་ཡང
སེམས་ཀྱི་རྒྱ་ལྕང་སེར་བར་མྱུར་བས་མིག་གཅིབས་རྒུད
བྱ་རྒོད་ཞིག་ལྟར་འཕུར་འོང་བའི་པོ་ཏ་ལ
སླར་ཡང་མལ་དུ་ལོག
ཁྲག་རྒྱུན་མ་ཆོད་པའི་གནའ་བོའི་བང་སོ
རྡོ་ལ་བདར་ནས་ཟད་ལ་ཁད
མལ་ཁྲི་ནང་གི་ནད་པ་དུ་འཚུབ་ཀྱི་གསེབ་ན
སྟོང་འདང་གི་ལོ་ཟླ་རྫོགས
དུར་ཁྲོད་དུ་མིག་མདང་ཟུག་པའི་གྱི་ན་བ
སྙིང་སྟོབས་ཀྱི་མེ་ཕུང་སུ་ཡིས་སྩོལ
བཙན་པོའི་ཁྲག་རྒྱུན་གྱི་ལོ་རྒྱུས་གསེར་ཁུ་ལས
མར་དུ་འབྱུང་བཞག་པའི་ད་ལྟའི་སྙན་ངག
གནའ་ནས་ད་བར་དུ་ཆར་ཆུས་མ་འཇིག་པའི་སྙན་ངག
སྙན་ངག་པའི་བང་རིམ
འགྲུལ་བཞུད་གླང་འཁོར་གྱི་འདུར་རྒྱུག་ལས་མཆེད་པའི་སུན་སྣང
མེ་སྟག་གི་འཚག་སྒྲ་དང་སྐད་ཅིག་མའི་མིག་གི་འཕག་འཚག
གློ་ལུ་བ་དག་གི་མིག་ནང་གི་ཆུ་བོ
ཆུ་བོ་སྐད་མེད་པའི་སུན་པ
(མིག་གིས་རིག་པ་མང་ན་ཡང
གཟིགས་སུ་བཀོད་དུས་མུད་པ་འགག)
རྒྱང་རིང་གི་ཨ་ཇོ་ལ་བསྐུར་བའི་སེམས་འཕྲིན
སྐྱེ་འཆི་སྟོང་ལའང་འགྲུབ་པ་མ་བྱུང
སྐྱེ་འཆིའི་སུམ་མདོ་རུ་འགྲེང་དུས
ལོ་རྒྱུས་དམར་པོ་དག་གིས་བསྐུལ་མ་ཡང་ཡང་བྱེད
དུས་བཞི་འགྲེ་ཟློག་རྒྱབ་ཏེ་འཇིག་རྟེན་སྟོན་ཁར་ཆག
གོས་མཐུག་ཙམ་གྱིས
ལྗོན་པ་དག་གིས་སེར་པོ་གྱོན་དུས་སེམས་ཀྱང་སེར་པོ་ཆག
དེ་ནི་འགག་མ་ཡིན
སྟོང་འདང་རྫོགས་མེད་ཅིག་གི་རྐང་དྲི་ལས
ལྕགས་ཞྭ་གྱོན་པའི་ཁྱོད་རྙེད
2021/10/14
དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།