གསོལ་འདེབས་དགའ་འབོད་མ།

                              སྡེ་དགེའི་གདོང་རྒྱལ།

ཚེ་རོགས་སྐྱ་ཡ་འདང་ཆེན་མ།།
དཔག་བསམ་ལྗོན་ཤིང་འདྲ་ལེ་མ།།
མི་སེམས་མགུ་བའི་སྒྱུ་འཕྲུལ་མ།།
བྱམས་ལྡན་ཅན་མ་ཁྱེད་ལ་འདུད།།

སངས་རྒྱས་སྟོང་གི་ཐིག་ལེ་མ།།
རྒྱུ་འབྲས་མིག་ལྟར་སྲུང་བའི་མ།།
བཅོམ་ལྡན་གསུང་སྤྲུལ་ངག་གི་མ།།
གཤིས་བཟང་ཞི་མོ་ཁྱེད་ཀྱིས་སྲུངས།།

ལས་དང་རྒྱུ་རྐྱེན་རྟེན་འབྲེལ་གྱིས།།
ལྷ་གཞན་དད་པ་མེད་མིན་ཡང་།།
སྒོས་སུ་ལྷ་སྐལ་ཁྱེད་ལ་དད།།
དགོས་འདོད་ཀུན་འབྱུང་བསྩལ་ཏུ་གསོལ།།

འཁོར་བའི་རང་ཁྱིམ་དྲོན་པོ་རུ།།
སྲོག་གི་ཀ་བ་གཞུང་རིངས་མ།།
བསྐལ་བ་འབུམ་ཕྲག་བསྒོམས་པ་ལས།།
ཡིད་བཞིན་ནོར་བུ་བླངས་པ་ཡིན།།

ཡི་ལྷ་གཞི་བདག་གསོ་མཆོད་དེ།།
ཁྱེད་དམིགས་གདོང་གྲོགས་ཤེད་ཀྱིས་བོས།།
ལུས་ངག་ཡིད་གསུམ་ཁྱེད་ལ་ཕུལ།།
ཚོར་འདུ་སྙན་ངག་གཞུང་དུ་བཀོད།།

རིག་གནས་ཡིད་བཞིན་ནོར་བུ་ལ།།
བརྩོན་པ་བསམ་པའི་དོན་འགྲུབ་འབད།།
ཚེ་རོགས་སྐྱ་ཡ་ལྷ་མོ་ཁྱོས།།
ངག་གི་དབང་ཕྱུག་བདག་ལ་སྩོལ།།

Be the first to comment

Leave a Reply

Your email address will not be published.


*