ཚོར་བ་རླུང་གཤོག་མ།

                                          དྷཱིཿཟེར།

ཞེན་ཆགས་སྤར་མོ་གང་དང་སྤར་མོ་དོ།།
བསླ་བྲིད་ཟུར་མིག་གཅིག་དང་ཟུར་མིག་གཉིས།།
སེམས་རྩ་་དྲོས་པའི་མེ་དང་འཁྱག་པའི་རྡོས།།
སྙིང་གི་འཕར་ལྡིང་ཁུད་དུ་སྐྱོ་གཞས་གཏོར་།།

སྟེས་དང་སྟབས་ཀྱིས་སྤྲད་པའི་ལས་དབང་གིས།།
ལུས་དང་སེམས་ཀྱི་དབང་རྩ་སྦྲིད་བྱས་པས།།
སྙིང་ཐུབ་མཛའ་མོའི་ཕྱོགས་ཀྱི་མཚམས་སྤྲིན་ལ།།
མི་སྨྲའི་ཚིག་གི་རྟུལ་ཞུགས་སྤྲད་ལས་ཅི།།

དྲན་པ་ངེས་མེད་ཕྱོགས་སུ་འཕྱན་པ་དང་།།
དུང་བ་རླུང་དང་བསྡེབས་ནས་བསྐྱོད་པས་ན།།
ཁོ་བོ་ཁེར་ཧྲེང་ཚོར་ཟུག་དམྱལ་བའི་གཤིས།།
སྐྱོ་བའི་ཁ་ཕྲུ་སེམས་དང་ལུས་ཀྱི་ནད།།

ལོ་དང་ཟླ་བས་བྲིས་པའི་སྙིང་ཐུབ་ཀྱི།།
བསུབ་མེད་སེམས་ལ་སིམ་པའི་ཞལ་མདངས་ཀྱིས།།
ཡིད་ཀྱི་འདབ་མ་མི་སྙོམས་སྒུལ་བས་རྐྱེན།།
ཟླ་འོད་འོག་ནས་སྐར་མ་འབྲི་ལས་ཅི།།

གས་ཆགས་བཟོས་པ་གྲངས་ཀྱིས་མི་ལོངས་ཤིང་།།
གཡོ་སྦྱོར་བྱས་པ་སེམས་ཀྱིས་མི་འཇུན་པའི།།
མུ་མེད་འཁོར་བའི་བྱེ་མའི་ཐོ་ཡོར་ནས།།
ཤ་དང་ཁྲག་གིས་ཁྱེད་ལས་སུ་ཞིག་འཚབ།།

འཚོ་བའི་ཁུད་དང་ཚོར་བའི་ཧྲག་བར་ནས།།
ལས་ཀྱིས་བསླུས་པའི་ཡིད་ཀྱི་བྱེའུ་ཆུང་འདི།།
སེམས་ཀྱི་ལྗོན་པ་བཞད་པའི་ཡལ་འདབ་ཏུ།།
ཐོགས་མེད་བསེར་མ་རླུང་ལས་མགྱོགས་འདི་མཚར།།

ཅུང་ཙམ་དལ་བའི་རང་དབང་མ་མཆིས་ཤིང་།།
ཡིད་ཙམ་སྡོད་པའི་གོ་སྐབས་མི་ཐོབ་པའི།།
ཁོ་བའི་སེམས་འདི་རྟ་ཕོ་རི་ཤོར་བཞིན།།
ཁྱོད་ཀྱི་ཕྱོགས་སུ་དབང་མེད་གཏན་དུ་རྒྱུ།།

མཐུན་བཞིན་མཁོན་བཞིན་དགའ་སྐྱོའི་གར་ཁང་ལས།།
སྤྲོ་བཞིན་སྐྱོ་བཞིན་སྒྱུ་མའི་འཁྲབ་སྟོན་ཞིག།
དགོད་བཞིན་ངུ་བཞིན་ཆང་དང་སྙན་ངག་ལྷན།།
མི་ཚེའི་ཕྲེང་ཐག་གཏོང་བའི་སེམས་འགྱུ་མཉེས།།

སྲོད་ཞོགས་ཉི་མའི་འཆར་ནུབ་ཡིད་གར་འོང་།།
མཚན་གྱི་ཟླ་གཞོན་འཛུམ་པའང་སེམས་སུ་གསལ།།
མདོར་ན་བདེན་རྫུན་འཐབ་པའི་ཚེ་རབས་རྒྱུན།།
སྙན་ཚིག་ཞིག་གིས་དུར་སྦས་བྱེད་པར་མོས།།

ཚིག་རྒྱན་ཟུང་གིས་ཚིགས་ཚོགས་མ་བད་ལ།།
བྱ་དཀའི་འཕྲུལ་གྱིས་ཚིགས་ཉམས་མ་བངས་ཀྱང་།།
དུས་ཀྱིས་བཞེངས་པའི་དུས་ཀྱི་བར་གསེང་ནས།།
གང་དག་ཚོར་བའི་རི་མོ་སྤྲོ་བར་མོས།།

དཔྱད་མཆན།

དཔྱད་གཏམ་སྤེལ་མཁན་ལ་གསལ་བརྡ།

ཁྱེད་ཀྱི་གློག་འཕྲིན་ས་གནས་ཀུན་པོར་མི་བསྒྲགས།


*